མཚོ་བོད་ས་མཐོའི་ཤིང་འཛུགས་ནགས་བཟོ་བ།
ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་འགྲམ་དུ་སྔོ་ཐིང་ངེར་གནས་པའི་ལྗོན་ཤིང་སྟུག་པོ།
འདི་ནི་ནོར་བུས་རི་ལྡེབས་སུ་བཏབ་པའི་གླ་ཚེར་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་དཔལ་འབྱོར་གྱིས་སྡོང་ཕྲུག་རྟེན་གཞིར་སྡོང་ཕྲུག་སྐྱེ་འཚར་ལ་ལྟ་བཞིན་པ།
ཟླ་7པར། ཡར་ཀླུང་གཙང་འགྲམ་སྔོ་ཐིང་ཐིང་ཆགས་པ་དང་ལྗོན་ཤིང་སྟར་པ་དང་སྟར་པ་བྱས་ནས་སྐྱེ་མཚར་ལྷག་པར་བཟང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་གོང་དཀར་གནམ་ཐང་མཐའ་འཁོར་རི་ལྡེབས་ཀྱི་ནགས་བཟོ་ཁུལ་གཉིས་པར་སླེབས་སྐབས་ལས་མི་བརྒྱ་ལྷག་ཙམ་གྱིས་ལྗོན་ཤིང་བཏབ་ནས་ས་མཐོར་སྔོ་ལྗང་དེ་བས་མང་དུ་གཏོང་བར་བྲེལ་བཞིན་འདུག
ལོ་65ལ་སླེབས་པའི་དཔལ་འབྱོར་གྱིས“སྡོང་ཕྲུག་དེ་དག་གཟབ་གཟབ་སིག་སིག་གིས་རི་སྟེང་དུ་དབོར་ནས་བཏབ་སྟེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་ལྗོན་ཤིང་དེ་དག་ལ་གཅེས་སྤྲས་བྱེད་དགོས”ཞེས་བུ་ནོར་བུར་ཁ་ཏ་བྱས་པ་དང་། ནོར་བུས“ང་ཚོས་འདི་ལོའི་ཟླ་4པ་ནས་དེ་གར་ལྗོན་ཤིང་འདེབས་འགོ་བཙུགས་པ་ཡིན། པཱ་ལགས་འདི་གར་ཐེངས་བཅུ་ལྷག་ཙམ་ཕེབས་མྱོང་ཡོད། པཱ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོ་ལྗོན་ཤིང་བཏབ་ནས་སྡོང་ཕྲུག་ལ་གཅེས་སྤྲས་ཆེན་པོ་གནང་གི་ཡོད”ཅེས་བཤད།
1959ལོར་དཔལ་འབྱོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོར་སྐྱེས། ལོ་40ལྷག་ཙམ་གྱི་གོང་ལོ་བཅུ་གྲངས་ཙམ་ལ་སླེབས་པའི་དཔལ་འབྱོར་གྱིས་ལུག་འཚོ་ཞོར་དུ་གྲོང་ཚོའི་འགྲམ་གྱི་རི་ལྡེབས་སུ་རྒྱ་ལྕང་སྡོང་རྐང་5བཏབ་པ་རེད། རི་སྟེང་སྐྱ་ཐེར་ཐེར་ཡིན་པས་ཚ་གདུག་ཆེ་བའི་སྐབས་ངལ་གསོ་སའི་བསིལ་གྲིབ་ཅིག་ཡོད་ན་ཅི་མ་རུང་སྙམ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
དཔལ་འབྱོར་ཐེངས་དང་པོ་འཕྲད་ས་གྲ་ནང་རྫོང་གི་སྡོང་ཕྲུག་རྟེན་གཞིར་ཡིན་ཞིང་། ཁོང་གིས་ལྕང་གསེབ་ཀྱི་སྦོམ་ཞིང་མཐོ་བའི་སྡོང་པོ་དེར་མཛུབ་མོ་བཙུགས་ནས“སྡོང་པོ་དེ་ནི་ངས་ལོ་20ཡི་གོང་བཏབ་པ་ཡིན། སྐབས་དེ་དུས་ངའི་གཟུགས་པོའི་རིང་ཚད་དང་འདྲ་པོ་ཡོད། ད་ལྟ་ནམ་མཁར་སྙེག་པའི་སྡོང་རྒན་ཞིག་ཆགས་འདུག”ཅེས་བཤད།
དུས་རབས་20པའི་ལོ་རབས་80ཡི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གཙང་འགྲམ་སྐོར་གླེང་སྐབས་དཔལ་འབྱོར་གྱིས་མྱོང་ཚོར་ཟབ་མོས“སྐབས་དེ་དུས་ཞོགས་པ་ཕྱིར་ཐོན་ནས་དགོང་མོ་ཁྱིམ་དུ་ལོག་སྐབས་སྒོ་རའི་ནང་དུ་བྱེ་མས་ཁེངས་ནས་སྒོའང་ཕྱེ་ཐུབ་ཀྱི་མེད། སྐབས་དེ་དུས་བྱེ་རླུང་གིས་ཡུལ་མིར་དཀའ་ངལ་ཆེན་པོ་བཟོ་གི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ཕྱིས་སུ་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་ཤིང་། དཔལ་འབྱོར་དང་གྲོང་མི་12ཀྱིས་ཨར་ལས་རུ་ཁག་ཅིག་བཙུགས་ཤིང་། ཁོང་ཚོས་རྡོ་བཟོ་དང་ཤིང་བཟོའི་ལག་རྩལ་དང་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ལ་བརྟེན་ནས་ཁྲོན་པ་འདྲུ་བ་དང་། ཆུ་ཡུར་བཟོ་བ། སྡོང་ཕྲུག་འདེབས་པ་བཅས་བྱས་ཏེ་ནགས་བཟོའི་ལས་གྲྭར་ཞུགས་པ་རེད།
“བྱེ་ཐང་དུ་ལྗོན་ཤིང་འདེབས་རྒྱུ་ནི་ལས་སླ་པོ་ཞིག་མིན། ལྗོན་ཤིང་དེ་དག་གསོན་ཐུབ་པའི་ཆེད་དུ་ང་ཚོས་གྱོན་གོས་རྙིང་པས་རྩ་བ་བཏུམས་པ་དང་། སྤྱི་ལེ་ཁ་ཤས་ཀྱི་ས་ནས་ས་སོབ་སོབ་དབོར་ཏེ་ཤིང་རྩའི་མཐའ་བསྐོར་ནས་ཆུ་སྲུང་འཛིན་ཐུབ་པ་བྱེད་ཀྱི་ཡོད” དེ་ལྟར་དཔལ་འབྱོར་གྱིས་ཨར་ལས་རུ་ཁག་གི་སྣེ་ཁྲིད་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཡར་ཀླུང་གཙང་པོའི་འགྲམ་དུ་ལྗོན་ཤིང་ཁག་དང་པོ་བདེ་བླག་ངང་བཏབ་པ་རེད།
ད་ཆ་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་གོང་དཀར་ནས་ཟངས་རི་བར་རིང་ཚད་སྤྱི་ལེ་160དང་། ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8 རྒྱ་ཁྱོན་མུའུ་ཁྲི་50ཙམ་བཅས་ཟིན་པའི“ལྗང་མདོག་ལྕགས་རི་རིང་པོ”བསྐྲུན་པས། ལོ་རེའི་བྱེ་རྡུལ་གྱི་གནམ་གཤིས་དུས་རབས་20པའི་ལོ་རབས་80པའི་ཉིན་60ལྷག་ཙམ་ནས་མིག་སྔའི་ཉིན་7ཙམ་བར་ཐུང་དུ་ཕྱིན་ཏེ། ངོགས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད།
འདས་ཟིན་པའི་ལོ་5ཁོ་ནར་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་50.53དང་། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་21.12ཤིང་ནགས་གསོ་སྐྱོང་མུའུ་ཁྲི་32.92བཅས་བྱས་པ་དང་། ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་15ལག་བསྟར་བྱས་པ་དང་། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་451བཅོས་སྐྱོང་བྱས་པ། བྱེ་འགོག་བྱེ་བཅོས་མུའུ་ཁྲི་76.8ལེགས་སྒྲུབ་བཅས་བྱས་ཡོད།
ཐོག་མར་རྟེན་གཞིར་ལྗོན་ཤིང་འདེབས་སྐབས་ས་ཞིང་མུའུ་30ལ་ཆུ་རྒྱག་དགོས་ཀྱི་ཡོད། དཔལ་འབྱོར་གྱིས“ལྗོན་ཤིང་བཙུགས་ཚར་ཙམ་ལ་ཆུ་དགོས་མཁོ་ཆེ་ཤོས་ཡིན་མོད། འོན་ཀྱང་སྐབས་དེར་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ཆུ་དཀོན་པ་དེ་རེད”ཅེས་བཤད། དཔལ་འབྱོར་གྱིས་ཉིན་ལྟར་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་གཙང་འགྲམ་དུ་ཆུ་ཐེངས་བཅུ་གྲངས་ཁ་ཤས་ལེན་པར་འགྲོ་དགོས་ཀྱི་ཡོད། སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། དཔལ་འབྱོར་གྱིས“ཁོར་ཡུག་དེ་ལྟ་བུའི་འོག་ཏུའང་ངའི་སེམས་ཤུགས་ཆག་མྱོང་མེད”ཅེས་བློ་རྩ་བརྟན་པོས་བཤད།
ས་མཐོའི་ཁུལ་དུ་སྐྱེ་འཚར་ལ་འཚམ་པའི་སྡོང་ཕྲུག་འདེམས་ཆེད། རིག་གནས་ཆུ་ཚད་དེ་ཙམ་མཐོ་པོ་མེད་པའི་དཔལ་འབྱོར་གྱིས་མཚོ་སྔོན་དང་ཀན་སུའུ་རུ་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུ་བར་བསྐྱོད་པ་དང་དེ་ནས་སྡོང་ཕྲུག་སྣ་ཁ་100ལྷག་ཙམ་ཚུར་འཁྱེར་ཡོང་རྗེས་ངང་རྒྱུད་རིང་པོས་རེ་རེ་བཞིན་ཚོད་འདེབས་བྱས་པ་མ་ཟད་གཡོག་བྱེད་ཞིབ་ཚགས་ཀྱང་བྱས། ཁོང་གིས་རྟེན་གཞིར་ཐེངས་གཅིག་ལ་སྡོང་ཕྲུག་སྣ་ཁ་100བཏབ་ཅིང་། དགུན་ཁ་གཅིག་སོང་རྗེས་སྡོང་ཕྲུག་30ཙམ་ལས་གསོན་མེད་རུང་དཔལ་འབྱོར་ཡིད་ཐང་ཆད་མྱོང་མེད།
ད་ཆ་ལོ་20སོང་ཞིང་། དཔལ་འབྱོར་གྱི་སྡོང་ཕྲུག་ར་བའི་ས་བཟུང་རྒྱ་ཁྱོན་མུའུ་450ལྷག་ཙམ་ཟིན་པའི་ནང་གསོམ་ཤིང་དང་། སྦྱར་པ། རྒྱ་ལྕང་སོགས་སྣ་ཁ་70ལྷག་ཙམ་གྱི་སྡོང་ཕྲུག་རྐང་ཁྲི་200ལྷག་ཙམ་བཏབ་ཡོད། བཏབ་པའི་སྡོང་ཕྲུག་དག་གི་ཁྲོད་དུ་སྐྱེད་ཚལ་སྔོ་འགྱུར་ལ་འཚམ་པ་ཡོད་ལ། བྱེ་འགོག་བྱེ་བཅོས་ལ་འཚམ་པའང་ཡོད། དེ་དག་ལྷ་ས་དང་། གཞིས་རྩེ། མངའ་རིས་སོགས་སུ་འཚོང་གི་ཡོད།
རྟེན་གཞིར་གཏན་འཇགས་ཀྱི་ལས་མི་100ལྷག་ཙམ་དང་དུས་ཚིགས་རང་བཞིན་གྱི་གླ་པ་270ལྷག་ཙམ་ཡོད་པ་དེ་དག་གིས་དེ་ག་ནས་ཡོང་འབབ་གསོག་ཐུབ་ཡོད་ལ་ལྗང་གསོའི་ལག་རྩལ་ཡང་ཤེས་ཡོད།
ད་ཕན་ལོ་ཤས་རིང་། ལྷོ་ཁས་ནགས་ལས་ཀྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། ད་ཆ་དཔལ་འབྱོར་དང་ཉི་མ་ཚེ་རིང་དང་འདྲ་བར་མང་ཚོགས་མང་པོ་ཞིག་ལ་ཤིང་འཛུགས་ནགས་བཟོ་བརྒྱུད་སྐྱེ་ཁམས་ཀྱི་ཕན་པ་ཐོབ་ཡོད་ལ། ཕྱུག་འགྱུར་གྱི་ལམ་བུར་ཡང་སྐྱོད་ཐུབ་ཡོད།
“ག་ལེར་མནན་ཚེ་ཆུ་གཏོང་མ་ལག་སྤྱོད་ཐུབ། ག་དུས་ཆུ་གཏོང་དགོས་མིན་དང་ཆུ་མང་ཉུང་ག་ཚོད་གཏོང་མིན་ཚང་མ་སྒྲིག་འཇུག་བྱས་ན་འགྲིག་གི་རེད”ཅེས་ནོར་བུས་བྱང་ཆ་དོད་པོས་འཕྲུལ་འཁོར་བྱང་ཆ་དོད་པོས་སྤྱོད་བཞིན་དེ་ལྟར་བཤད།
2015ལོར་ལས་དགོངས་ཞུས་པའི་ཁོང་གིས་ཕ་དཔལ་འབྱོར་དང་མཉམ་དུ་ཤིང་འཛུགས་ལས་ལ་གཞོལ། དགུ་བཅུ་ནང་སྐྱེས་ཀྱི་ནོར་བུ་ནི་མཐོང་རྒྱ་ཆེ་ཞིང་གསར་གཏོད་བྱེད་ཕོད་མཁན་ཞིག་རེད། ཁོང་གིས་སྔོ་འགྱུར་ཀུང་སི་ཐོ་འགོད་བྱས་ནས་ཚད་ལྡན་ཅན་གྱི་དོ་དམ་བྱས་ཤིང་། དྲ་ཐོག་ཏུ་ཤིང་འཛུགས་ཀྱི་སྤྱི་ཕན་བྱེད་སྒོ་ཐད་གཏོང་བྱས། ཕྱིས་སུ་སྡོང་ཕྲུག་ར་བར་སྐྱེ་འཚར་བྱུང་བའི་སྡོང་ཕྲུག་ཇེ་མང་དུ་སོང་ལ་འགན་གཙང་བླངས་པའི་སྔོ་འགྱུར་རྣམ་གྲངས་ཀྱང་ཇེ་མང་དུ་སོང་ཡོད།
“ང་ཚོས་འདི་ལོའི་ཟླ་4པའི་ཟླ་མཇུག་ནས་བཟུང་ལྷ་སའི་ལྷོ་རི་བྱང་རིའི་ཤིང་འཛུགས(གོང་དཀར་དུམ་བུ)ཡུག་ཁུལ་ཨང་2པ་འགན་གཙང་བླངས་པ་ཡིན། སྡོང་ཕྲུག་དེ་དག་ཚང་མ་སྡོང་ཕྲུག་ར་བའི་རྟེན་གཞི་ནས་དབོར་ཡོང་བ་དང་ལོ་ཕྱེད་ཙམ་གཡོག་བྱེད་ཧུར་ཐག་བྱས་པའི་ཤིང་སོན་ཤ་སྟག་ཡིན། དེ་གའི་ས་བབ་དང་གནམ་གཤིས་དང་སྤྱིར་ན་འཚམ་པས་ངས་བལྟས་ན་ཚོད་འདེབས་བདེ་བླག་ཡོང་ཐུབ”ཅེས་ནོར་བུས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།
1993ལོར་སྐྱེས་པའི་བཀྲ་ཤིས་དཔལ་ལྡན་ནི་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོ་ནས་རེད། སླེའུ་ཆུང་གྲོང་ཚོ་ནི་ལྷ་ས་དང་ལྷོ་ཁའི་བར་དུ་གནས་པས་ས་བབ་ལ་ལེགས་ཆ་ཆེན་པོ་ལྡན་མོད། འོན་ཀྱང་ས་རྒྱུ་ཞན་པ་དང་ཐོན་ལས་རྣམ་གྲངས་མེད་སྟབས་གཞོན་ནུ་དང་དར་མ་མང་ཆེ་བ་ཕྱིར་གླ་པར་འགྲོ་རྒྱུ་ལས་མ་འདས། དཔྱིད་ཀ་དང་སྟོན་ཁ་སླེབས་རིམ་བཞིན་བྱེ་རླུང་འཚུབ་ནས་མིག་ཀྱང་གདང་མི་ཐུབ་པར་གྱུར། དེར་བརྟེན“སྡོང་ཕྲུག་བཏབ་ཚེ་བྱེ་འགོག་བྱེ་བཅོས་ཐུབ་པ་མ་ཟད། གྲོང་ཚོའི་ས་རྒོད་ཀྱང་བེད་སྤྱོད་ཐུབ་ཁར། མང་ཚོགས་ཚོ་ཡང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས་དངོས་འབྲེལ་གཅིག་གོ་གཉིས་ཆོད་ཀྱི་བྱ་བ་བཟང་པོ་ཞིག་རེད་འདུག” སྡོང་ཕྲུག་རྟེན་གཞི་འཛུགས་རྒྱུའི་སྐོར་བཀྲ་ཤིས་དཔལ་ལྡན་གྱི་བློ་ལ་ཡང་ཡང་འཁོར།
2017ལོའི་དབྱར་ཁར་བཀྲ་ཤིས་དཔལ་ལྡན་གྱིས་རང་ཉིད་ཀྱིས་བསགས་པའི་དངུལ་བཏོན་པའི་སྒང་ལ་ཞིང་ལས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་15གཡར་ཏེ་སྡོང་ཕྲུག་ར་བའི་རྟེན་གཞི་འཛུགས་འགོ་བཙུགས་ཤིང་། རྟེན་གཞིའི་ནང་སྦྱར་པ་དང་རྒྱ་ལྕང་སོགས་ཤིང་སྣ་རིགས་བཞིའི་སྡོང་ཕྲུག་རྐང་ཁྲི་10ཙམ་བཏབ། ཤིང་འབྲས་སྡོང་པོ་ནང་འདྲེན་བྱས་ནས་ཚོད་འདེབས་བྱས་པའི་གྲས་སུ་ཤིང་འབྲས་སྡོང་ཕྲུག་རྐང་ཁྲི་7དང་། འདྲེ་ཚེར་མ་སྡོང་རྐང་ཁྲི་3 ཤིང་སྣ་གཞན་པ་སྡོང་རྐང་ཁྲི་1.5བཅས་ཚོད་འདེབས་བྱས་པའི་གསོན་ཚད་90%ཡན་ཟིན་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས་ལས་མངོན་པར། བོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་གཞི་བཟོ་བཅོས་འཆར་འགོད་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་འདུ་འགོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནགས་བཟོ་མུའུ་ཁྲི་120བྱས་པ་དང་ཉམས་ཞན་དུ་སོང་བའི་རྩྭ་ཐང་མུའུ་ཁྲི་614སླར་གསོ་བཅོས་སྒྲིག་བྱས་ཡོད།