དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བུ་རབས་ཚ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁོའུ་ཅང་ཙེ།   |     སྤེལ་དུས།  2024-08-10

    ཧོང་ཧའེ་རྒྱ་མཚོའི་འགྲམ་དུ་ཆགས་པའི་ཧྲན་ཏུང་རེ་ཀྲའོ་རུ་རིང་ཚད་ལ་སྤྱི་ལེ་28ཙམ་ཡོད་པའི་ཉི་འོད་མཚོ་ངོགས་ཀྱི་ལྗང་མདོག་ལམ་བུ་ཞིག་ལྷོ་ནས་བྱང་དུ་གནས་ཡོད། “སྐྱེ་ཁམས་ཁོར་ཡུག་བཟང་ན་མི་སེར་གྱི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ཚོར་སྣང་ཆེ་རུ་འགྲོ་ཐུབ། ཚང་མས་ལག་པ་སྒུལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་དང་གཅེས་སྤྲས་བྱེད་དགོས”ཞེས་འདི་ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་བརྟག་ཞིབ་གནང་བར་ཕེབས་སྐབས་ནན་བཤད་གནང་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ཁེབས་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་དགོས”ཞེས་བཏོན་ཡོད།

    འདི་ནི་རི་སྔོན་ཆུ་དྭངས་གསེབ་ཏུ་བྲིས་པའི་མཛེས་སྡུག་ལྡན་པའི་རྒྱུགས་ལན་ཤིག་རེད་དེ།

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་བར་ཆོད་སེམས་ཆེན་པོ་དང་། ནུས་ཤུགས་ཆེན་པོ། ཕན་འབྲས་ཆེན་པོ་བཅས་སྔར་ན་མེད་པ་མངོན་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཉིད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། ཕྱོགས་འགྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད”“སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་གནམ་ཁ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་སྔོ་ལྗང་ཅན། ཆུ་མོ་དེ་བས་དྭངས་གཙང་བཅས་བྱུང་ནས་ལེ་དབར་ཁྲི་ཕྲག་གི་རི་ཀླུང་ཀུན་མཛེས་སྡུག་རྣམ་པར་བཀྲ་བར་གྱུར་ཡོད”

    འདི་ནི་མ་འོངས་པར་ཕྱོགས་པའི་གསལ་སྟོན་ནན་པོ་ཞིག་ཡིན་ཏེ།

    “སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་སྒྱུར་བའི་ཐབས་ལམ་ཡངས་སུ་གཏོང་བ་བཅས་ཀྱི་སྒོ་ནས་བུ་རབས་ཚ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་དགོས”

    དེ་ནི་མིག་སྔའི་ཇུས་གཞི་ཡིན་ལ་ཕུགས་ཀྱི་འཆར་གཞི་དེ་བས་ཀྱང་རེད།

    བརྟག་ཞིབ་གནང་ཐེངས་རེ་དང་ཚོགས་འདུ་གལ་ཆེན་རེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཡོང་བར་ཐུགས་རྒྱ་ཟབ་བཞེས་གནང་ལུགས་མཚོན་པ་ཤ་སྟག་རེད།

    “ནགས་ཚལ་ནི་ང་ཚོས་མེས་པོ་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པས་བུ་རབས་ཚ་རྒྱུད་ལ་བཞག་ན་མེས་པོར་ངོ་གནོང་མི་དགོས་ལ་བུ་རབས་ཚ་རྒྱུད་ལའང་གདོང་སྟོན་ཐུབ”ཅེས་2014ལོའི་ཟླ་12ཚེས་25ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སྣང་གཤིན་པོའི་ངང་གསུངས།

    “རང་བྱུང་གི་ནགས་ཚལ་ཡོད་ཚད་སྲུང་སྐྱོང་བྱེད་དགོས” དེ་སྔའི“ཤིང་གཅོད་མཁན”གྱིས་སྟ་རེ་དང་སོག་ལེ་བསྐྱུར་ནས“ཤིང་སྡོང་སྲུང་མཁན”དུ་གྱུར་པ་དང་། དུས་རབས་གསར་པ་ཚུན་དུ་རྒྱལ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་2.39མཐོ་རུ་ཕྱིན་ཡོད་པ་རེད།

    ཧུའུ་ནན་གཡོད་དབྱང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་ང་ཚོའི་མི་རབས་འདིའི་ལག་ཏུ་མུ་མཐུད་ཞན་དུ་གཏན་ནས་གཏོང་མི་རུང་བར་བུ་རབས་ཚ་རྒྱུད་ལ་དྭངས་གཙང་དང་མཛེས་སྡུག་ལྡན་པའི་ལེ་དབར་ཁྲིའི་འབྲི་ཆུ་ཞིག་ཡིན་ཅིག་འཇོག་དགོས”ཞེས་གསུངས་པའི་བཀའ་མོལ་ནི་གསལ་ལ་ཤུགས་དང་ལྡན་པ་ཞིག་ཡོད།

    ཐུགས་ལ“རྒྱལ་ཁབ་ཀྱི་དོན་ཆེན”འཇོག་པ་དང་མི་དམངས་དུང་ཕྱུར་མང་པོར་ཐུགས་སེམས་བཅངས།

    ཐུགས་བསམ་བཞེས་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཞི་རྩའི་མཛད་ཇུས་དང་ཇུས་འགོད་གནང་བ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་ཡིན་ལ། ཐུགས་རེ་གནང་བ་ནི་རི་ཀླུང་ནམ་ཡང་སྔོ་ལྗང་དང་ཆུ་རྒྱུན་ཡུན་དུ་བཞུར་བའི་མཛེས་སྡུག་ལྡན་པའི་ཀྲུང་གོ་རེད།

    བུ་རབས་ཚ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་པར་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་དམ་ཤོས་ལ་བརྟེན་ནས་རི་ཀླུང་དང་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོང་བྱེད་དགོས།

    མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་མུ་རི་གཏེར་ཁུལ་དུ་སྤང་རྩྭ་སྔོན་མོས་ས་གཞི་ཆེན་པོའི་གཏེར་ཤུལ་ཉམས་གསོ་བྱེད་བཞིན་ཡོད། དེ་གར་དེ་སྔ་ཁྲིམས་དང་མ་མཐུན་པར་གཏེར་ཁ་སྔོག་འདོན་བྱས་ནས་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད།

    “མུ་རིའི་གནད་དོན་དག་ཐེར་ཡག་པོ་བྱས་ནས་རྗེས་ཤུལ་མ་ལུས་པ་དང་བློ་ཕམ་མི་ཡོང་བ་བྱེད་དགོས”“སླད་ཕྱིན། གནད་དོན་འདི་རིགས་ཤེས་ཕྱིན་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ་ཕྱིན་ཆད་གནད་དོན་དེ་འདྲ་ཐོན་མི་ཆོག”ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་བརྟག་དཔྱད་དང་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་རི་སྔོན་ཆུ་དྭངས་བསྐྱར་གསོ་ཡོང་བར་བྱས་པ་རེད།

    སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའི་གནས་ཚུལ་ལ“དམ་འཛིན་ལྷོད་མེད་དང་དམ་འཛིན་མཐར་ཕྱིན་པ”བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་ལག་ཏུ་གསེར་དངུལ་ག་ཚོད་ཡོད་པ་དེ་མ་ཡིན་པར། ལོ་རྒྱུས་དང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་བསྒྲུབ་རྒྱུ་དེ་རེད”ཅེས་ལས་དོན་འདིའི་དོན་གྱི་སྙིང་པོ་གསུངས་ཡོད།

    བུ་རབས་ཚ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་པར། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས།

    བློ་མཐུན་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་རིང་སྐྱེ་ཁམས་རིག་གནས་སྐྱེད་སྲིང་དང་དར་སྤེལ་གཏོང་བར་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། སྤྱི་ཚོགས་ཡོངས་ཀྱིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས་ཀྲེ་ཅང་དེ་ཉིད་སྐྱེ་ཁམས་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཡུན་རིང་ཞིག་ཏུ་གྱུར་ཡོད།

    དུས་རབས་གསར་པར་སླེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་12བསྟུད་མར་སྣེ་ཁྲིད་དེ་རྒྱལ་སའི་འོས་འགན་ཤིང་འཛུགས་ནང་ཞུགས་ཡོད། འདི་ལོ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས། ཚང་མས་བྱ་སྤྱོད་སྤེལ་ནས“ཤིང་འཛུགས་ནགས་བཟོར་ཧུར་ཐག་ཞུགས་ཏེ་མི་ཚང་མས་སྔོ་ལྗང་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་བརྩོན་ལེན་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་སྔོ་ལྗང་མང་དུ་གཏོང་དགོས”ཞེས་འབོད་སྐུལ་གནང་བ་རེད། མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད།

    བུ་རབས་ཚ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་ཟབ་གཏོད་བྱེད་དགོས།

    “ང་ཚོས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཨ་རི་དང་ཡོ་རོབ་ཀྱི་ལམ་བུ་རྙིང་པར་བསྐྱོད་ན་ཡོང་ཐབས་མེད། དེ་ལྟར་བྱས་ན་སའི་གོ་ལ་ཁ་ཤས་ཡོད་ཀྱང་ཀྲུང་གོ་བའི་ཟད་གྲོན་ལ་མི་འདང”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐད་དགོངས་པ་ཟབ་མོ་བཞེས་ཀྱི་ཡོད།

    འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ལས་འགན་ཨང་དང་པོ་ཡིན། ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདངས་མངོན་གསལ་དོད་པོ་ཞིག་ཡིན།

    མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམ་སྦྱོར་གྱི་འཐབ་ཇུས་གལ་ཆེན་བཟོ་བ་དང་། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་གི་དཔལ་འབྱོར་འཕེལ་རྒྱས་སྤྱི་ཡོངས་ནས་ཁྱབ་སྤེལ་གཏོང་བ། ནགས་ལས་ཐཱན་འདུས་ཚོད་ལྟའི་འཛུགས་སྐྲུན་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ཁེབས་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་གནང་ནས་དུས་རབས་གསར་པར་ཀྲུང་གོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པར་ཁྲིད་སྟོན་གནང་གི་ཡོད།

    འགག་སྒྲོལ་དཀའ་སེལ་དང་སྙིང་རུས་གཏན་འཁྱོངས་བྱས་པས། ལེ་དབར་ཁྲི་ཕྲག་གི་རི་ཀླུང་ཀུན་མཛེས་སྡུག་རྣམ་པར་བཀྲ་བར་གྱུར་ནས་ང་ཚོས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་སྐྱེ་ཁམས་ངོ་མཚར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད།

    ན་ནིང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་པོ་འཆར་ཉེར་ཡོད་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས“སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ཏེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་གཏོང་མཁན་དང་ལག་ལེན་དཔེ་བཟང་བ་ཞིག་བྱེད་དགོས་པའི”ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཚེ། ང་ཚོས་རྒྱུན་མཐུད་ནས་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་བཏོད་དེ་མི་དམངས་ལ་ཕན་པ་འདོགས་པ་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།