ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་གྱི་སུར་པན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།
ཉེ་ཆར། ཕ་ཁི་སི་ཐན་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལྷོ་རྒྱུད་ས་ཁུལ་དུ་ཀྲུང་གོའི་ལག་རྩལ་པས་ཕ་ཁི་སི་ཐན་གྱི་ཞིང་དུད་ལ་སུར་པན་འདེབས་སྟངས་སློབ་བཞིན་པ།
ད་ལོ་ཚུན་སི་ཁྲོན་ནེ་ཅང་ཁྲལ་མེད་མཛོད་ཁང་དུ་དམིགས་བསལ་གྱི་དངོས་ཟོག་ཁག་གཉིས་བསྟུད་མར་འབྱོར་བ་སྟེ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཞིང་ལས་མཉམ་ལས་རྣམ་གྲངས་ཀྱི་ཁག་དང་པོ་དང་ཁག་གཉིས་པའི་སུར་པན་སྐམ་པོ་ཁྱོན་ཏུན་332ཡིན་པ་རེད།
ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་གྱི་ཞིང་དུད་ལ་སུར་པན་འདེབས་རོགས་བྱས་པ་དང་འབྲེལ། ས་གནས་དེ་གར་ཐོན་སྐྱེད་བྱས་པའི་སུར་པན་ཀྲུང་གོར་ཕྱིར་གཏོང་བྱེད་ཀྱི་ཡོད། ཞིང་ལས་མཉམ་ལས་ཀྱི་མངགས་ཐོ་དེ་རིགས་ནི་ཀྲུང་ཕའི་ཞིང་ལས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་རེད། ཕ་ཁི་སི་ཐན་ཚོང་དོན་པུའི་པུའུ་ཀྲང་ཟུར་པ་ཀུའུ་ཧར·དབྱི་ཅ་ཙིས་སུར་པན་སྐམ་པོ་ཀྲུང་གོར་ཕྱིར་གཏོང་བྱས་པ་དེས་ཕ་ཁི་སི་ཐན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པའི་བར་མཐོངས་གསར་པ་བཏོད་ཡོད་ཅེས་བརྗོད།
ཕ་ཁི་སི་ཐན་གྱི་ཕ་ཁེ་ཕ་ཐན་ས་ཁུལ་དུ་སླར་ཡང་སུར་པན་སྨིན་པའི་དུས་ཚིགས་ཤར་ཡོད། ས་གནས་དེ་གའི་ཞིང་དུད་ཝ་ཤིས་ཏེས་ལོ་གསུམ་བསྟུད་མར་ཀྲུང་གོའི་སུར་པན་གྱི་སོན་དང་ལག་རྩལ་སྤྱད་དེ་སུར་པན་བཏབ་ཡོད། ཝ་ཤིས་ཏེས“ངས་བཏབ་པའི་སུར་པན་གྱི་རྡོག་པོ་གཞན་ལས་ཆེ་བས་མཐའ་འཁོར་གྱི་ཞིང་དུད་ཚང་མས་ཡིད་སྨོན་བྱེད་ཀྱི་འདུག ཀྲུང་གོའི་སུར་པན་གྱི་སོན་བཟང་བ་མ་ཟད། འདེབས་འཛུགས་ལག་རྩལ་དེ་བས་ཞིབ་ཚགས་དང་ཕན་འབྲས་ཆེ་བས་སུར་པན་ལ་ལོ་ལེགས་ཡོང་བར་འགན་ལེན་བྱེད་ཐུབ”ཅེས་བརྗོད།
སུར་པན་ནི་ཕ་ཁི་སི་ཐན་བའི་གསོལ་ལྕོག་ཐོག་མེད་དུ་མི་རུང་བའི་སྨན་སྣའི་གྲས་ཤིག་ཡིན་ལ་ཕ་ཁི་སི་ཐན་གྱི་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་ཤིག་ཀྱང་རེད། འོན་ཀྱང་དུས་ཡུན་རིང་པོར་ཕ་ཁི་སི་ཐན་གྱི་སུར་པན་འདེབས་འཛུགས་ས་ཁོངས་ཁ་ཐོར་ཡིན་པ་དང་སུར་པན་གྱི་སྤུས་ཚད་དང་འདེབས་འཛུགས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཀྱི་ཡོད་པ་རེད། 2021ལོར་སི་ཁྲོན་ཞིང་ཆེན་ལི་ཐུང་བཟའ་བཅའ་ཚད་ཡོད་ཀུང་སིས་ལས་དོན་པ་ཕ་ཁི་སི་ཐན་དུ་རྟོག་ཞིབ་བྱེད་པར་བཏང་ནས་ཕ་ཁི་སི་ཐན་གྱི་ཞིང་དུད་དང་མངགས་ཐོའི་རྣམ་པའི་ཞིང་ལས་མཉམ་ལས་བྱ་རྒྱུའི་བསམ་བཀོད་བཏོན་པ་རེད། ལི་ཐུང་ཕ་ཁི་སི་ཐན་ཞིང་ལས་མཉམ་ལས་རྣམ་གྲངས་ཀྱི་འགན་འཁུར་བ་ཏོན་ཧུང་ཅུན་གྱིས། ཕ་ཁི་སི་ཐན་གྱི་གནམ་གཤིས་སོགས་ཀྱི་ཆ་རྐྱེན་སུར་པན་འདེབས་རྒྱུར་འཚམ་པ་མ་ཟད། མ་གནས་ཀྱི་ལེགས་ཆའང་ལྡན་ཡོད་ཅེས་བརྗོད།
2022ལོར་ཕ་ཁི་སི་ཐན་གྱི་སུར་པན་འདེབས་འཛུགས་ཞིང་ལས་ཐོན་ལས་དཔེ་སྟོན་དང་ཁྱབ་གདལ་རྣམ་གྲངས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ཞིང་ལས་རྣམ་གྲངས་ཁག་དང་པོའི་ནང་བཅུག་པར་བརྟེན་ཕ་ཁི་སི་ཐན་གྱི་སུར་པན་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། མིག་སྔར་སུར་པན་ར་བ་30བསྐྲུན་པའི་སྤྱིའི་རྒྱ་ཁྱོན་དབྱིན་མུའུ་ཁྲི་1.6(དབྱིན་མུའུ་1མུའུ་6.07ཙམ་དང་མཚུངས)ཟིན་པ་དང་། ཞིང་ལས་ལག་རྩལ་པ་མི་ཐེངས་1500ལྷག་ཙམ་གསོ་སྦྱོང་བྱས་པ། དབྱིན་མུའུ་རེའི་ཐོན་རྫས་རིན་ཐང་ལུའུ་པི་ཁྲི་10(མི་དམངས་ཤོག་སྒོར་1ལུའུ་པི་39ཙམ་དང་མཚུངས)འཕར་ནས་ཡོང་འབབ་སྲོལ་རྒྱུན་ཞིང་ལས་ལོ་ཏོག་ལས་ལྡབ་3འཕར་ཡོད།
ཕ་ཁི་སི་ཐན་འབྲུ་རིགས་བདེ་འཇགས་དང་ཞིབ་འཇུག་པུའི་པུའུ་ཀྲང་ཟུར་པ་ཁའོ་སར·ཨ་པུའུ་ཏུའུ་ལ·མཱ་ལི་ཁེས། སུར་པན་འདེབས་འཛུགས་ཞིང་ལས་ཐོན་ལས་དཔེ་སྟོན་དང་ཁྱབ་གདལ་རྣམ་གྲངས་ཀྱིས་ས་གནས་དེ་གའི་ཞིང་པ་ཕྱུག་འགྱུར་ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ་མ་ཟད། ལག་རྩལ་གསོ་སྦྱོང་དང་། ལས་སྣོན་བཟོ་གྲྭ་འཛུགས་པ། ཐོན་སྐྱེད་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་པ་བརྒྱུད་ས་གནས་དེ་གའི་སུར་པན་འདེབས་འཛུགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཕ་ཁི་སི་ཐན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚོང་པ་དེ་བས་མང་བ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་ཡོད། དམིགས་བསལ་གདན་ཞུའི་མཉམ་ལས་རོགས་ཟླ་ཡིན་པའི་ཕ་ཁི་སི་ཐན་ད་དུང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་སྐབས་མང་པོར་ཞུགས་ཡོད། ཀྲུང་གོས་གཉེར་བའི་རྒྱལ་སྤྱིའི་འགྲེམས་ཚོགས་ནང་ཞུགས་པ་བརྒྱུད་ཕ་ཁི་སི་ཐན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་འཕར་ཡོད།
མིག་སྔར། ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཙོང་རིལ་དང་། སྲེའུ། སུར་པན་སྐམ་པོ་སོགས་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུའི་གྲོས་ཆོད་ཡི་གེ་བཞག་པ་དང་ཕ་ཁི་སི་ཐན་གྱིས་ཐོན་སྐྱེད་བྱས་པའི་འབྲས་དང་། ཏིལ་མར། ཨ་མྲ། ཤུན་མཁྲེགས་ཤིང་ཏོག་སོགས་ལ་ཀྲུང་གོའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཞིང་ལས་ཀྲོན་ཡོན་ཀུའུ་ཝུན་ལེང་གིས“ཕ་ཁི་སི་ཐན་ལ་རྨོ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཀྲུང་གོས་ས་བོན་སྐྱེད་སྲིང་དང་ལོ་ཏོག་འདེབས་འཛུགས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པས། རྒྱལ་ཁབ་གཉིས་པོའི་ཞིང་ལས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད།
མཱ་ལི་ཁེས། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ཞིང་ལས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཕ་ཀྲུང་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་སྤྱད་དེ་ཐོན་འབབ་མཐོ་རུ་གཏོང་བ་དང་ལོ་ཏོག་གི་ནད་འབུའི་གནོད་འཚེ་ཉུང་དུ་བཏང་ཚེ། ཕ་ཁི་སི་ཐན་གྱི་དབུལ་པོ་ཉུང་གཏོང་དང་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་པོས་ཞིང་ལས་མཉམ་ལས་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་བཏང་ནས་ཕ་ཁི་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།