ཀྲུང་ལུགས་གསོ་རིག་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་ནད་བརྟག་སྨན་བཅོས་ལྟེ་གནས་ཐོག་མ་ནེ་པ་ལར་བཙུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཀྲུང་ལུགས་གསོ་རིག་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་ནད་བརྟག་སྨན་བཅོས་ལྟེ་གནས་ཐོག་མའི་ཡོལ་ཁེབས་འབྱེད་པའི་མཛད་སྒོ་འཚོགས་པ་རེད། ནེ་པ་ལར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཀྲུང་ལུགས་གསོ་རིག་རུ་མི་དང་ནེ་པ་ལའི་པོ་ལེ་ཏེ་པུར་གྲོང་ཁྱེར་ཁོ་དབྱི་ལ་ལ་དྲན་གསོའི་སྐྲན་ནད་སྨན་ཁང་དངོས་ལུགས་གསོ་བཅོས་ཚན་ཁག་གི་ནེ་པ་ལའི་སྨན་པས་ལྟེ་གནས་སུ་ཐུན་མོང་ཐོག་ནད་བརྟག་སྨན་བཅོས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ལུགས་གསོ་རིག་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་ནད་བརྟག་སྨན་བཅོས་ལྟེ་གནས་ལ་དབང་རྩ་བདེ་ཐང་སླར་གསོ་ཁུལ་དང་། རུས་ཆག་བདེ་ཐང་སླར་གསོ་ཁུལ། ཟུག་འཇོམས་སྨན་བཅོས་ཁུལ་བཅས་སུ་དབྱེ་ནས་གསེར་ཁབ་དང་། འཕུར་མཉེད། སྲུབ་འབྲད། མེ་ཕོར་རྒྱག་པ། ཀྲུང་ལུགས་གསོ་རིག་སྨན་རྫས། ད་དུང་འདར་ཚད་འབྲིང་བའི་རྩ་འཕར་སྨན་བཅོས་དང་། འདར་ཚད་དམའ་བའི་རྩ་འཕར་སྨན་བཅོས། ཀྲུང་ལུགས་སྨན་གྱི་གྱེས་རྡུལ་ནང་འདྲེན་སྨན་བཅོས། དམར་ཕྱིའི་འོད་ཐིག་སྨན་བཅོས། དེ་བཞིན་ཆེད་ལས་བདེ་ཐང་སླར་གསོའི་ཡོ་བྱད་ལ་བརྟེན་ནས་བདེ་ཐང་སླར་གསོའི་སྦྱོང་བརྡར་བཅས་ཚུད་པའི་གསོ་རིག་གི་བདེ་ཐང་སླར་གསོའི་སྨན་བཅོས་བྱ་ཐབས་རབ་དང་རིམ་པ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་ཡོལ་ཁེབས་འབྱེད་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། གསེར་ཁབ་བཅོས་ཐབས་ལ་ནེ་པ་ལའི་དམངས་ཚོགས་ཀྱི་དགའ་བསུ་ཐོབ་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་འདས་ཟིན་པའི་ལོ་25ཡི་རིང་ཀྲུང་གོ་ཕྱོགས་ཀྱིས་ཁོ་དབྱི་ལ་ལ་དྲན་གསོའི་སྐྲན་ནད་སྨན་ཁང་དུ་ནེ་པ་ལར་རོགས་སྐྱོར་བྱེད་མཁན་སྨན་པ་250ལྷག་ཙམ་མངགས་གཏོང་བྱས་ཡོད་ཅེས་བརྗོད་པ་རེད།
ཁོ་དབྱི་ལ་ལ་དྲན་གསོའི་སྐྲན་ནད་སྨན་ཁང་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་པི་ཅ་དབྱི·ལ་དབྱི·ནེ་ཝུའུ་ཕ་ནེས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་ལོ་མང་རིང་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། རོགས་སྐྱོར་དེ་དག་ནང་མི་ཤུགས་བཀོད་སྒྲིག་དང་། སྨན་བཅོས་སྒྲིག་ཆས། སྨན་རྫས་རོགས་སྐྱོར། སྨན་པ་གསོ་སྦྱོང་བཅས་ཚུད་ཡོད་པ་རེད།