ལོ་སྟོད་དུ་རང་ལྗོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་3.8%འཕར་བ།
ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་395.59ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་འཛད་སྤྱོད་ཁྲོམ་རའི་དུས་བབ་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཐོག ཐབས་མང་མཉམ་སྤྱོད་དང་ཚང་མས་ཇུས་འདོན་ཤུགས་འདོན་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ལས་བགོས་འགན་གཉེར་ཀྲུའུ་ཞི་གཞོན་པས་སྐོང་བསྡུ་བའི་འགན་ཁུར་བའི་འཛད་སྤྱོད་ཡར་སྐུལ་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ། དཀའ་གནད་དང་འགག་གནད་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་བཅས་བྱས་ཏེ། འཛད་སྤྱོད་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། “འཛད་སྤྱོད་ཡར་སྐུལ་ལོ”དང་། འཛད་སྤྱོད་ཡར་སྐུལ་གྱི“དོན་ཚན་བརྒྱད” འཛད་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་འཛད་སྤྱོད་ཀྱི་གྲུབ་ཆ་ལེཊ་གཏོང་དང་རིམ་སྤོར་ལ་མགྱོཊ་མྱུར་སྐུལ་འདེད་བཏང་བ། “བདེ་སྐྱིད་ལྡན་པའི་བོད་ལྗོངས·སྤྲོ་སྣང་ལྡན་པའི་འཚོ་བ”ཞེས་པའི་འཛད་སྤྱོད་ཡར་སྐུལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་དང་ལག་ལེན་བསྟར་ཏེ། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ལོ་སྟོད་ཀྱི་འཛད་སྤྱོད་ཡར་སྐུལ་བྱེད་སྒོ་རབ་དང་རིམ་པས་འཛད་སྤྱོད་སྒོར་དུང་ཕྱུར་21.44ཐད་ཀར་སྐུལ་ཁྲིད་བྱས་པ། ཚོང་ཁང་དང་པོའི་དཔལ་འབྱོར་དང་སྤུས་རྟགས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། “རྙིང་ཁུངས་མིང་ཅན”རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟའ་བཏུང་ཁེ་ལས་ལྗང་མདོག་འཕེལ་རྒྱས་གསར་གཏོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛད་སྤྱོད་འཕར་བའི་སྒུལ་ཤུགས་གསར་པ་དང་འཛད་སྤྱོད་ཆེ་རིགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་པ། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་བྱས་ཏེ་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྱད་ལྡན་མཚན་མོའི་ཁྲོམ་གཞུང་30ལྷག་ཙམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་144.6ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། ལས་ཞུགས་ལས་གནས་5110ལྷག་ཙམ་མཁོ་འདོན་བྱས་པ། ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་1.3ལྷག་ཙམ་བྱུང་ཡོད། དྲ་ཐོག་ཚོང་དོན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་གྲངས་འབོར་དང་དངོས་རྫས་ཚོང་ཟོག་དྲ་ཐོག་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་77.7%དང་90.8%སོ་སོར་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བོད་ཀྱི་སྒོར་ཁྲི་60རི་བའི་ནེ་པ་ལའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱིར་གཏོང་གི་རྒྱལ་ཕྱིའི་མཛོད་ཁང་གི་ལས་སྒོ་ཐོག་མ་དོན་འཁྱོལ་བྱུང་ཡོད། ཚད་བཀག་གྲངས་བཅད་ཡན་གྱི་ཁེ་ལས་65གསར་དུ་བསྣན་པ་དང་ལྗོངས་ཡོངས་ཀྱི་ཚད་བཀག་གྲངས་བཅད་ཡན་གྱི་ཁེ་ལས་ཀྱི་གཞི་ཁྱོན་800ལྷག་ཙམ་ཟིན་པ། ཚད་བཀག་གྲངས་བཅད་ཡན་གྱི་ཚན་པའི་འཛད་རྫས་སིལ་ཚོང་གྲངས་འབོར་འཕར་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆའི་གྲངས་0.9འཕར་ཡོད་པ་རེད།