ཧྲན་ཏུང་གིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱས་པ།
ཧྲན་ཏུང་དང་གཞིས་རྩེའི་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ།
པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེན་པོ་ཡིན་པ།
2023ལོའི་ཟླ་12པར་ཧྲན་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་འོག་ཏེ་ལང་མ་གཏེར་ཆུ་ཐོན་སྐྱེད་ཐུབ་པ།
ཆིང་ཏའོ་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་བྱས་པའི་མང་ཚོགས་ལ་བརྟག་དཔྱད་བྱེད་བཞིན་པ།
ཧྲན་ཏུང་ཧྲོའུ་ཀོང་ལག་རྩལ་རིགས་གཅིག་མཁས་ཅན་མོང་ཏེ་ལིས་པ་སྣམ་རྫོང་ཨ་ཡག་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་ལས་བྱེད་པར་སྔོ་ཚལ་འདེབས་སྟངས་སློབ་བཞིན་པ།
རྣམ་གླིང་རྫོང་གི་གྲངས་འཛིན་ཞིང་ལས་ཐོན་ལས་གླིང་དུ་ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ཨེ་མར་ཞོག་ཁོག་འདེབས་ཁྱོན་ཆེ་རུ་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།
ཧྲན་ཏུང་བོད་སྐྱོར་གྱིས་བཏོད་པའི་བསམ་གྲུབ་རྩེ་ཆུས་ནས་ཀྱི་གྲོང་རྡལ་ཆུང་ངུའི་རྣམ་པ་ཡིན་པ།
1994ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་བསམ་གྲུབ་རྩེ(ཆིང་ཏའོ་ཡི་རོགས་སྐྱོར་བྱ་ཡུལ)དང་། པ་སྣམ(ཅི་ནན་གྱི་རོགས་སྐྱོར་བྱ་ཡུལ) ངམ་རིང(ཙི་པོ་ཡི་རོགས་སྐྱོར་བྱ་ཡུལ) གཉའ་ནང(ཡན་ཐའེ་ཡི་རོགས་སྐྱོར་བྱ་ཡུལ) རྣམ་གླིང(ཝུའེ་ཧྥང་གི་རོགས་སྐྱོར་བྱ་ཡུལ)བཅས་ཆུས་དང་རྫོང་5ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་ལྗིད་པོ་ཕྲག་ཐོག་ཏུ་ཁུར་ཏེ་ཁག་ཐེངས་10ལ་བགོས་ནས་ལས་བྱེད་པ་657བོད་དུ་ལས་དོན་སྒྲུབ་པར་མངགས་ཡོད།
ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར“ཉིན་ཐོར”ལྟ་སྐབས། ལོ་30ཡི་རིང“དམངས་འཚོ”འགོ་ནས་མཇུག་བར་ཁྱབ་ཅིང་། རིམ་རྩིས་བྱས་ན། བོད་སྐྱོར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་61.8བཏང་བ་དང་རྣམ་གྲངས་སྣ་ཚོགས་1608ལག་བསྟར་བྱས་ཏེ། དམངས་འཚོའི་ཞན་ཆ་རྒྱུན་ཆད་མེད་པར་སེལ་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྗོང་དང་ཆུས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ཐོན་ལས་བོད་སྐྱོར་གྱི“དམངས་ཕྱུག་ལས་གྲྭའི”གཞི་རྟེན་བསྐྲུན་ནས་ལས་ཞུགས་ལ་སྐུལ་འདེད་དང་སྤུས་རྟགས་བཏོད་པ།
འཕེལ་རྒྱས་གཏོང་རྒྱུ་ནི་ལས་འགན་ཨང་དང་པོ་དང་། ཐོན་ལས་ནི་འདེགས་སྐྱོར་ཨང་དང་པོ་ཡིན། ཧྲན་ཏུང་གིས་བོད་སྐྱོར་ཐད“ལེགས་པ”དང“ཁྱད་ལྡན”ལ་དམིགས་པ་དང་། འཕེལ་རྒྱས་ཀྱི་སྣེ་འདྲེན་ལྟ་བུ་ཡིན་པའི“ཐོན་ལས”ལ་དམ་འཛིན། ཡུལ་བབ་དང་བསྟུན་པ། “རྫོང་གཅིག་ལ་ཐོན་རྫས་གཅིག”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་དེ་བས་མང་བས་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།
བསམ་གྲུབ་རྩེ་ཆུས་སུ་གཅིག་སྡུད་བྱས་པའི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ནས་ཐོན་ལས་ཁྱུ་ཚོགས་འབའ་ཞིག་དེར་ལྗང་མདོག་སྤུས་ལེགས་ཕན་ཆེའི་དཔེ་སྟོན་ཁུལ་མུའུ་སྟོང་དང་རྒྱ་མ་སྟོང་ལྡན་3དང་མུའུ་བརྒྱ་དང་རྒྱ་མ་སྟོང་ལྡན་11བསྐྲུན་ཡོད།
ངམ་རིང་རྫོང་གི“བཟང་བཟང་མར”འཚོང་ཤུགས་ཆེ་རུ་བཏང་བས་ལོར་མར་ཐོན་ཚད་སྤྱི་རྒྱ་ཁྲི་2ཙམ་ཟིན་གྱི་ཡོད།
གཉའ་ནང་རྫོང་དུ་བོད་སྨན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བར་བརྟེན་བོད་སྨན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2ལས་བརྒལ་བ་དང་མི་760ལྷག་ཙམ་ལས་ཞུགས་ཐུབ་པ་མ་ཟད། ཞིང་འབྲོག་པར་ལོར་ཡོང་འབབ་སྒོར་ཁྲི་800ཡན་འཕར་ཡོད།
རྣམ་གླིང་རྫོང“ཨེ་མར་སྒང”གི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་བཏང་བས་མིག་སྔར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4.8ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.9ཟིན་ཡོད།
རིག་སྟོབས་བོད་སྐྱོར་གྱི“དམངས་དར་ལས་གྲྭར”བརྟེན་ནས་ཞན་ཆ་སེལ་བ་དང་འདེགས་སྐྱོར་ནུས་ཤུགས་ཆེ་རུ་བཏང་བ།
བོད་སྐྱོར་ལས་དོན་ཐད་ཉ་སྟེར་དགོས་ལ་ཉ་གསོ་སྟངས་དེ་བས་བསླབ་དགོས། ཧྲན་ཏུང་བོད་སྐྱོར་གྱིས“ལས་འགན་དངོས་ཅན”བེད་སྤྱོད་དང་། “ཚོགས་སྒྲིག་ཅན”གྱི་རོགས་སྐྱོར།“མཉེན་ཤུགས་ཅན”གྱི་ནང་འདྲེན། རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་པ་དང་ཤེས་ལྡན་པ“གནད་སྨིན་ཅན”གྱི་གསོ་སྦྱོང་བཅས་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་དེ་གཞན་བརྟེན་ནས་རང་སྟོབས་འཕེལ་བའི་བར་སྐུལ་འདེད་བཏང་ཡོད།
ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་གཞིས་རྩེའི་དོན་དངོས་ལ་གཞི་ཚུགས་ཏེ་ལས་བྱེད་པ་དང་ཤེས་ལྡན་པ་འདེམས་གཏོང་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ“གཅིག་གིས་མང་པོར་སྣེ་ཁྲིད་པའི”བྱེད་ཐབས་ཐོག་ནས་ས་གནས་དེ་གའི་རྐང་འཛིན་པ་2000ཙམ་གསོ་སྐྱོང་བྱས་པ་དང་། གཞིས་རྩེའི་ལས་བྱེད་པ་དང་ཤེས་ལྡན་པ་སྒྲིག་འཛུགས་བྱས་ཏེ་ཧྲན་ཏུང་དུ་གསོ་སྦྱོང་བྱེད་པར་བཏང་བར་རིམ་རྩིས་བྱས་ན་མི་ཁྲི་5ལྷག་ཙམ་ཞུགས་ཡོད་པ་རེད། སྨན་བཅོས་དང་སློབ་གསོའི་ཚོགས་པ་དང་དེ་བཞིན་ཞིང་ལས་ཀྱི་ཚོགས་པ་ཆུང་ཆུང་སྒྲིག་འཛུགས་བྱས་པ་དང་། རོགས་རམ་ཚོགས་པ་30ལྷག་ཙམ་ལ་སྣེ་ཁྲིད། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་120ལྷག་ཙམ་ནང་འདྲེན། ལྷག་པར་དུ་སྔོ་ཚལ་འདེབས་འཛུགས་དང་བཟའ་བཅའ་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཆེད་ལས་ཤེས་ལྡན་པ་ནང་འདྲེན་བྱས་ཡོད།
དམངས་འཚོའི་བོད་སྐྱོར་གྱི“དམངས་ཕན་འདུ་འགོད”ལ་བརྟེན་ནས་ཞབས་ཞུ་ལེགས་སུ་དང་བདེ་རྩ་ཆེ་རུ་བཏང་བ།
ཧྲན་ཏུང་བོད་སྐྱོར་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ“དར་རྒྱས་ཆེན་པོ་ལྔར”སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང“ཧྲན་ཏུང་དང་བོད་ཀྱི་གྲོང་ཚོ་བརྒྱའི་བདེ་སྐྱིད་ཁྱིམ་གཞིས”དཔེ་སྟོན་འདུ་འགོད་མུ་མཐུད་ལག་བསྟར་བྱས་ཏེ། གྲོང་ཚོ་179ཡི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས་དུད་ཚང་9300ལྷག་ཙམ་གྱི་མང་ཚོགས་ཁྲི་3.5ལ་ཕན་པ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེའི་སློབ་གསོའི་ཁྱབ་ཁོངས་ནས་གཏམ་བཟང་ཡང་ཡང་གྲགས་པ་སྟེ། བསམ་གྲུབ་རྩེ་ཆུས་ཀྱིས་བོད་དུ་གྲོང་ཚོའི་ཚད་ལྡན་ཅན་གྱི་བུ་བཅོལ་ཁང་ཁྱབ་གདལ་སྔོན་ལ་བཏང་བ་དང་། 2023ལོའི་ཟླ་7པར། ཧྲན་ཏུང་བོད་སྐྱོར་གྱི་མ་འཇོག་ཆེ་ཤོས་ཡིན་པའི་དམངས་འཚོའི་རྣམ་གྲངས་ཆི་ལུའུ་མཐོ་རིམ་སློབ་འབྲིང་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང་ལ་དཔྱད་འདེམས་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་བརྒྱ་ཆའི་གྲངས་13འཕར་ཡོད།
ཧྲན་ཏུང་བོད་སྐྱོར་གྱིས་སྒྲིག་འཛུགས་བྱས་པའི“ཆི་ལུའུ་སྨན་བཅོས་ས་མཐོའི་བྱ་སྤྱོད”ཀྱིས་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་ཀ་པ་རིམ་པ་གཉིས་པའི་སྨན་ཁང་ལ་འགྱུར་བར་སྐུལ་འདེད་བཏང་བ་དང་། རོགས་སྐྱོར་ཐོབ་པའི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་5ཚང་མ་ཁ་པ་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད། སྨན་བཅོས་ཤེས་ལྡན་པ་350བདམས་ནས་སྨན་བཅོས་སྒྲིག་གཞིར་ཡུན་རིང་རོགས་སྐྱོར་བྱེད་དུ་བཅུག་ཅིང་། རིམ་རྩིས་བྱས་ན། སྨན་བཅོས་བརྒྱུད་རིམ་480ལྷག་ཙམ་ལེགས་སྒྲིག་བྱས་པ། “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”གཙོ་གནད་ཚན་ཁག་20ལྷག་ཙམ་བཏོད་ཡོད།