དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔའ་ཤོད་རྫོང་ཝ་འབེབས་གྲོང་ཚོའི་ས་ཞིང་བ་ཚྭ་ཅན་རྩི་ཤིང་བཟོ་གྲྭར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-09

    ཟླ་བ་གསུམ་ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོར་འབྲས་བུ་འཐུ་བའི་དུས་ཚིགས་སུ་སླེབས་ཤིང་། ཤིང་ཏོག་སེའུ་སྒོང་ལྒང་བཞུ་ཆུང་ཆུང་དང་འདྲ་བར་སྡོང་པོའི་ཐོག་བྱུར་བུར་བཏགས་པ་ལས་དྲི་ཞིམ་གང་སར་འཐུལ་འོང་།

    ཝ་འབེབས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་མིག་མདུན་གྱི་ལོ་ལེགས་ཀྱི་རྣམ་པར་ལྟ་གིན་ངོ་གདོང་ལས་དགའ་ཚོར་གྱིས་ཁེངས་བཞིན་དུ“ས་ཞིང་བ་ཚྭ་ཅན་དེར་འབྲས་བུ་དེ་འདྲ་བཏགས་ཡོང་སུ་ཞིག་གི་བསམ་བློ་འཁོར་རམ”ཞེས་བཤད།

    ས་ཞིང་བ་ཚྭ་ཅན་ནས་ཐོན་འབབ་མཐོ་བའི་ས་ཞིང་དུ་འགྱུར་བ་དེ་ནི་ཟོག་འབྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭ་སྐྲུན་པ་དང་ཁ་འབྲལ་ཐབས་མེད། 2022ལོའི་ལོ་མཇུག་ཏུ་དཔའ་ཤོད་རྫོང་གིས་བོད་ལྗོངས་གྲམ་ཐང་ཞིང་ནང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ཝ་འབེབས་གྲོང་ཚོར་དེང་རབས་ཞིང་ལས་ཟོག་འབྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭ་བསྐྲུན་པ་ལས་དེ་སྔ་ས་རྒོད་དུ་གྱུར་པའི་ས་ཞིང་བ་ཚྭ་ཅན་མུའུ་སུམ་ཅུ་ལྷག་ཙམ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་རེད། ས་མེད་འདེབས་གསོ་བྱེད་སྟངས་བརྒྱུད་དེ་གར་སེའུ་སྒོང་དང་། གླང་རྔ། སུར་པན་སོགས་སྔོ་ཚལ་སྣ་ཚོགས་བཏབ་པས་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟོག་འབྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭས་ཆུ་གསོའི་ལག་རྩལ་སྤྱད་པར་བརྟེན་ཐན་པ་དང་བརླན་གཤེར་དང་དུས་བཞི་གང་ཡིན་རུང་ཞིང་ལས་ལོ་ཏོག་སྐྱེ་འཚར་ཡག་པོ་ཡོང་གི་ཡོད། ཚན་རྩལ་མཐོ་བའི་ལག་རྩལ་གྱི་རམ་འདེགས་ཡོད་པས་གནམ་གཤིས་ངན་པའི་ཆ་རྐྱེན་འོག་ཏུའང་ལོ་ཧྲིལ་པོར་འདེབས་འཛུགས་བྱེད་ཐུབ་ཀྱི་ཡོད།

    2023ལོའི་ལོ་མཇུག་ཏུ་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་བསྡོམས་སྒོར་ཁྲི་1400བཏང་བའི་ཟོག་འབྲེལ་དྲ་རྒྱའི་གྲངས་འཛིན་བཟོ་ལས་ཅན་གྱི་ཞིང་ལས་རྣམ་གྲངས་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སེའུ་སྒོང་གི་ལོ་རེའི་ཐོན་ཚད་ཏུན་100ཟིན་པ་དང་སྔོ་ཚལ་རིགས་ཀྱི་ལོ་རེའི་ཐོན་ཚད་ཏུན་2ཟིན་ནས་ལོ་རེའི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་ཁྲི་100ལས་བརྒལ་ཡོད་པ་རེད།

    “ཤ་ཚལ་སྒོང་གསུམ”གྱི་འཚོང་ལམ་རྒྱ་ཆེར་གཏོང་ཆེད། ཝ་འབེབས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧན་ཧྲོང་གིས་རུ་མིའི་སྣེ་ཁྲིད་དེ་ཁྲོམ་རར་བརྟག་ཞིབ་གཏིང་ཟབ་བྱས་ནས“ཞིང་སྨན་མི་གཏོར་བ་དང་སྔོ་ཚལ་སོས་པ་འཐུ་བ”ཁྱད་ཆོས་སུ་བཟུང་ནས་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་དང་དུས་མཚུངས། རང་མོས་ངང་འཐུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་འབྲེལ“འཐུ་སྟངས་ཐད་གཏོང་དང་སྒོ་རྩར་སྐྱེལ་བའི”ཕྱིར་ཚོང་བྱེད་སྟངས་གསར་པ་ཚོད་ལྟ་བྱས་པས་སྔོ་ཚལ་དང་ཤིང་ཏོག་སོས་པ་མི་དེ་བས་མང་བར་ཟ་རྒྱུ་བྱུང་ཡོད།

    ཧན་ཧྲོང་གིས། ཟོག་འབྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭས་སྔོན་དཔག་བྱས་ན་ལོ་ལྟར་ཝ་འབེབས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ལེགས་སྐྱེས་ཕུལ་བ་མ་ཟད། ད་དུང་ས་གནས་དེ་གར་གནས་སྐབས་ཀྱི་ལས་ཞུགས་ལས་གནས་བརྒྱ་ལྷག་ཙམ་མཁོ་འདོན་བྱས་ནས་སློབ་ཆེན་སློབ་མ་གསུམ་གྱི་ཡུན་རིང་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་ཆ་སྙོམས་མི་རེར་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་རག་གི་ཡོད། དེ་སྔ་ས་རྒྱུ་ཞན་པའི་ས་ཆར་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།