དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཤིང་འབྲས་སྔོ་ཚལ་སྣ་ཁ་འཛོམས། ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག

    མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པ”ཞེས་པའི་བོད་ལྗོངས་བརྟག་ཞིབ་བཅར་འདྲི་ཚོགས་པ།

  • ཡོང་ཁུངས།  མི་དམངས་དྲ་བ།    |     སྤེལ་དུས།  2024-08-09

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་བསྐྱོད་པ་ན། དྲོད་ཁང་ཆེན་པོ་རེ་རེ་བཞིན་གྲལ་སྟར་འགྲིག་པ་དང་དེ་དག་གི་ནང་ནས་ཤིང་ཏོག་དང་སྔོ་ཚལ་གྱི་དྲི་ཞིམ་བར་མེད་དུ་འཐུལ། འབྲི་ཏ་ས་འཛིན་འཐུ་ཁུལ་དུ་དྲི་ཞིམ་ལྡང་ཞིང་། འཁྲི་ཤིང་གི་ཡལ་འདབ་འོག་ཏུ་འབྲི་ཏ་ས་འཛིན་རེ་རེ་བཞིན་དམར་ཆིལ་ལེར་མངོན། ཐོན་ལས་བཟོ་པ་ཚོས་འབྲི་ཏ་ས་འཛིན་འཐུ་བ་དང་ཐུམ་སྒྲིལ་བརྒྱབ་ནས་ལྷ་ས་དང་ལྷོ་ཁའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ལ་དབོར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཤིང་ཏོག་ཁྲེ་ལི་ཙི་དང་སེའུ་སྒོང་སོགས་ཤིང་ཏོག་དང་སྔོ་ཚལ་དག་གྲོང་མི་དང་ཡུལ་སྐོར་བ་གླིང་ཁུལ་དུ་བསྐྱོད་དེ་འཐུ་བའི་སྤྲོ་སྣང་ཉམས་ལེན་བྱེད་པར་མཁོ་འདོན་བྱེད་ཀྱི་ཡོད།

    འོན་ཀྱང་སྔོན་ཆད་ཡུལ་ལུང་དེ་གའི་གྲོང་མིས་འདེབས་པའི་ཞིང་ལས་སྐྱེ་དངོས་གཙོ་བོ་ནི་ནས་ཙམ་ཡིན།“ཞིང་ས་གཤིན་པོ་ཇི་ལྟར་ཡིན་རུང་ཉིན་མཚན་གྱི་དྲོ་གྲང་ཁྱད་པར་ཆེ་བས་དྲོ་སར་སྐྱེ་བའི་རྩི་ཤིང་སྐྱེ་འཚར་ཡོང་ཐབས་དཀའ”ཞེས་གྲོང་མི་དབྱངས་ཅན་སྒྲོལ་མས་ཕྱིར་དྲན་བྱེད་ཀྱིན་བཤད།

    ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་ཁོར་ཡུག་ལེགས་སུ་གཏོང་བ་དང་དེ་བཞིན་དྲོད་ཚད་དང་བཞའ་ཚན་ཚོད་འཛིན་གནད་སྨིན་བྱ་ཆེད། ཚལ་སྣ་ཤང་གིས་སྲིད་གཞུང་གི་རྒྱབ་སྐྱོར་དང་ཅང་སུའུ་ཐའེ་ཀྲོའུ་ཡི་བོད་སྐྱོར་ཆེད་དོན་མ་དངུལ་ལ་བརྟེན་ནས་དྲོད་ཁང་བསྐྲུན་ཡོད། དེར་བརྟེན་འབྲི་ཏ་ས་འཛིན་དང་། འབྲུག་སིལ། ཀྲོ་མ་ཀྲུ། ཤིང་ཏོག་ཁྲེ་ལི་ཙི་སོགས་ཤིང་ཏོག་མང་པོ་ཚལ་སྣར་རྩ་བ་ཚུགས་ཏེ་འབྲས་བུ་ཐོགས། སྣ་མའི་མེ་ཏོག་སོགས་ཀྱང་ཡུལ་དེར་སྐྱེས་ནས་མེ་ཏོག་རྣམ་པར་བཞད་ཡོད།

    གླིང་ཁུལ་གྱིས་ད་དུང་སྔ་རྗེས་སུ་ཧོ་ནན་ཞིང་ལས་སློབ་ཆེན་དང་། རང་སྐྱོང་ལྗོངས་ཀྲུང་གོ་ཚན་རིག་ཁང་ལྷ་སའི་ས་ཁམས་ཚན་རིག་དང་ས་ཁོངས་འཕེལ་རྒྱས་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ལྷ་ས་ཞིང་ལས་སྐྱེ་ཁམས་ཚོད་ལྟ་ས་ཚིགས། ལྷ་ས་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་སོགས་མཐོ་སློབ་དང་ཚན་ཞིབ་ཁང་དང་མཉམ་ལས་བྱས་ཏེ་གསར་གཏོད་སྣེ་ཁྲིད་བྱེད་ཐབས་བརྒྱུད་ས་མཐོའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཧོ་ནན་ཞིང་ལས་སློབ་ཆེན་གྱིས་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ལ་བརྟེན་ཏེ་ཚན་རྩལ་བོད་སྐྱོར་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་རེད། 2023ལོའི་ཟླ་3པར་ཧོ་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡང་ཅན་ཕིང་གིས་རིགས་གཅིག་མཁས་ཅན་7གྱི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་སློབ་ཆེན་གྱི་གྲུབ་འབྲས་ཁྱབ་གདལ་བརྟན་པོ་བཏང་བ་མ་ཟད། དཔེ་སྟོན་རྒྱ་ཁྱོན་བསྡོམས་འབོར་མུའུ་200ལྷག་ཙམ་ཟིན་པའི་ནང་གྲོ་ནག་པོ་དང་། མ་རྨོས་ལོ་ཏོག་སོས་པ། པད་ཁ། གྲོ་ཚོན་ལྡན་བཅས་ཚུད་ཡོད།

    བོད་ཀྱི་ཐུན་མོང་མ་ཡིན་པའི་ཉི་འོད་ཀྱི་ཐོན་ཁུངས་དང་དྲོད་ཚད་ཀྱི་མཐུན་རྐྱེན་དབང་གིས། ཞིང་ལས་སྐྱེ་དངོས་དང་ལྷག་པར་དུ་མ་རྨོས་ལོ་ཏོག་ལ་ལོ་ལེགས་བྱུང་ཡོད། ཡང་ཅན་ཕིང་གིས“ད་ལོ་ལྷོ་ཁར་ང་ཚོའི་མ་རྨོས་ལོ་ཏོག་འདེབས་པའི་ལག་རྩལ་ཁྱབ་གདལ་བཏང་བས་མིག་སྔར་སྐྱེ་འཚར་ཡག་པོ་བྱུང་འདུག”ཅེས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད།

    “སྔོན་ཆད་བཏབ་པའི་མ་རྨོས་ལོ་ཏོག་གི་བྲོ་བ་ཞིམ་པོ་མེད་ལ་ཡུལ་མི་ཚང་མར་ཡང་མ་རྨོས་ལོ་ཏོག་བཟའ་བའི་གོམས་གཤིས་མེད། ཚོད་ལྟའི་ཞིང་ཁར་ཆེ་ལ་ཞིམ་པའི་མ་རྨོས་ལོ་ཏོག་སོས་པ་སྐྱེས་པ་ནས་བཟུང་ང་ཚོས་གཞི་ནས་ས་ཆ་འདི་གར་སེར་པོ་གསེར་དང་འདྲ་བའི་ལོ་ཏོག་སྐྱེ་ཐུབ་པ་ཤེས་སོང”ཞེས་ཆུ་ཤུར་རྫོང་ཚལ་སྣེའི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལས་དོན་པ་ཕུར་བུ་བསྟན་འཛིན་གྱིས་དགའ་ཚོར་དང་བཅས་བཤད་ཅིང་། ཁོང་གིས། ཚོད་ལྟའི་ཞིང་ཁའི་མ་རྨོས་ལོ་ཏོག་གི་སོག་མ་ཕྱུགས་ཟོག་གི་གཟན་ཆས་བྱེད་ཆོག་པས། མང་ཚོགས་ཀྱིས་ཕྱུགས་ཟོག་གསོ་བའི་གཟན་ཆས་ཀྱི་དཀའ་ངལ་བསལ་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཚལ་སྣེའི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱིས་ལོ་མང་རིང་གི་གཉེར་སྐྱོང་དང་འཚོལ་ཞིབ་ཁྲོད་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་བྱུང་བ་མ་ཟད། ཞིང་ལས་དེང་རབས་ཅན་ལ་དམ་འཛིན་ནན་པོ་བྱས་ནས་ཡུལ་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད། མིག་སྔར་གླིང་ཁུལ་དུ་མུའུ་3000ཟིན་པའི་ཕྱོགས་བསྡུས་ཉམས་ལེན་ཁུལ་བསྐྲུན་ནས་ཞིང་སྡེའི་སྤྲོ་གསེང་དང་། མེ་ཏོག་ལྟ་རོལ། བོད་སྨན་ལུས་གསོ། རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་ཤིང་། ཚལ་སྣེ་དེ་ཉིད་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།