སྡེ་ཚན་ལྔས་བརྡ་ཐོ་བཏང་ནས།
དངུལ་རྩས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བསྟར་རྒྱུ་ཡིན་པ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་འདོམས་ལྷན་ཚོགས། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་དུ《“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་ནས་དངུལ་རྩས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།
《བརྡ་ཐོའི》ནང་། ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བསྟར་རྒྱུ་ཡིན་ཚུལ་བསྟན་ཞིང་། གཅིག་ནི་དངུལ་རྩས་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། འབྲུ་རིགས་ཐོན་སྐྱེད་དང་། འཁོར་རྒྱུག གསོག་འཇོག ལས་སྣོན་སོགས་ཐོན་ལས་འཁོར་འབྲེལ་ལ་དངུལ་རྩས་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཚད་གཞི་མཐོ་བའི་ཞིང་ཁ་དང་སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་ལ་གཏོང་བའི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་གཏོད་ཀྱིས་འདེབས་འཛུགས་ལས་རིགས་དར་སྤེལ་དང་ཞིང་ལས་ཚན་རྩལ་ལ་དངུལ་རྩའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་མ་རྐང་ཁྲོམ་རར་ཞུགས་པ་དང་། བྱང་བུ་བཀལ་ནས་མ་དངུལ་བསྡུ་སྒྲིལ་དང་སླར་ཡང་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་ནི་དངུལ་རྩའི་རོགས་སྐྱོར་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་ལ་ཧེ་བག་ཡོད་པའི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དོན་འཁྱོལ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་མི་ཆག་པ་རྒྱུན་འཁྱོངས་བྱས་ཐོག དམིགས་བཙུགས་ཀྱི་རོགས་སྐྱོར་ལས་དོན་ཏན་ཏིག་བསྒྲུབ་རྒྱུ། གསུམ་ནི་དངུལ་རྩས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཡིད་རྟོན་དངུལ་བུན་དང་། བུན་འཛིན། རྐང་དབང་། བོགས་གཏོང་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་བྱ་ཐབས་ལ་བརྟེན་ནས་རྒྱུ་དངོས་གཏའ་འཇོག་བྱེད་ཁྱོན་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་རྒྱུ་ནོར་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱ་རྒྱུ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་དང་། རྫོང་ཁོངས་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་སོགས་ཀྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱ་རྒྱུ། བཞི་ནི་དངུལ་རྩས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་མིའི་འཚོ་སྡོད་ཁོར་ཡུག་གི་དངུལ་བུན་ཐོན་རྫས་གསར་སྤེལ་བྱས་ཏེ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་དངུལ་རྩས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྔ་ནི་དངུལ་རྩས་གྲོང་གསེབ་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ལ་ནུས་པ་སྦྱིན་ཏེ་དངུལ་རྩས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཡོང་བར་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་དང་དངུལ་རྩའི་གྲོང་གསེབ་ཀྱི་རྨང་གཞིའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ཞིང་ལས་དང་འབྲེལ་བའི་དངུལ་བུན་ལ“བསྡོམས་འབོར་མང་དུ་སོང་བ་དང་། བཟུང་ཚད་མཐོ་རུ་ཕྱིན་པ། སྐྱེད་ཚད་ཆག་པ”བཅས་ཀྱི་ཁྱད་ཆོས་མངོན་གྱི་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གི་ལས་དོན་པས་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་སྡེ་ཚན་དབར་གྱི་འབྲེལ་གཏུག་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཀྱིས་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་སྟངས་དང་ཕན་ནུས་ལ་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ་དང་། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་སྤྱོད་ཆེན་པོ་ལྔ་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་དང་དངུལ་རྩའི་ཞབས་འདེགས་ཞུ་ནུས་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།