དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་ཀྱིས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཐོན་རྗེས་འགྲིམ་འགྲུལ་བཤངས་ནས་རླངས་འཁོར་ཁྲི་3ལྷག་ཙམ་བདེ་བླག་ངང་ས་མཚམས་ལས་བསྒྲལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-09

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། དཀར་མཛེས་དར་མདོའི་གུ་བྲག་གི“8·03”གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་དཀར་མཛེས་ཀྲོའུ་ཡིས་བྱ་ཐབས་སྣ་ཚོགས་སྤྱད་དེ་འགྲིམ་འགྲུལ་གཤོང་བར་ཤུགས་སྣོན་བརྒྱབ་པས། མིག་སྔར་རླངས་འཁོར་ཁྲི་3ལྷག་ཙམ་བདེ་བླག་ངང་ས་མཚམས་ནས་བསྒྲལ་བ་ལས་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས་ཁྲི་1.3ལྷག་ཙམ་ཚུད་ཡོད་པ་རེད།

    ཟླ་8ཚེས་3ཉིན་གྱི་ཐོ་རེངས་སུ། དཀར་མཛེས་ཀྲོའུ་དར་མདོ་གྲོང་ཁྱེར་གུ་བྲག་གྲོང་རྡལ་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཏེ་བོད་འབྲེལ་ས་ཁུལ་ནས་འཛུལ་སྒྲོལ་བྱེད་པའི་གཡག་དར་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་318ཀྱི་མ་ལམ་གཙོ་བོ་ཆད་པ་རེད། མིག་སྔ་ནི་དབྱར་གསེང་གི་ཡུལ་སྐོར་བ་མང་བའི་དུས་ཡིན་ལ། དཀར་མཛེས་ནི་མི་སྣ་འགྲོ་འོང་དང་དངོས་ཟོག་འགྲེམས་གཏོང་གི་ལྟེ་གནས་གལ་ཆེན་ཞིག་ཡིན་པས་ལམ་ཆད་པ་དེས་ས་གནས་དེ་གའི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེ་ཐོན་རྗེས་ས་གནས་དེ་གའི་སྤྱི་བདེའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ལམ་སེང་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་འགྲིམ་འགྲུལ་བཀག་རྒྱ་བཏང་སྟེ། རིང་ས་ནས་ཁ་འགྲེམས་དང་ཉེ་ས་ནས་བཀག་སྡོམ་གྱི་བྱེད་ཐབས་གཞིར་བཟུང་འགྲོ་ལམ་འགྲིམ་འགྲུལ་འཕྲལ་སྡོམ་འགན་ལེན་ལས་དོན་སྤེལ་ནས“དཀར་མཛེས་ཀྲོའུ་ཡི་དར་མདོ་དང་ལྕགས་ཟམ་ཁའི་དུམ་བུ”དང་། “དཀར་མཛེས་ཀྲོའུ་ཡི་ལམ་ཐིག་ལྷོ་མ”“དཀར་མཛེས་ཀྲོའུ་ཡི་ལམ་ཐིག་བྱང་མ”བཅས་སྐོར་ལམ་གསུམ་བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད།

    གནོད་འཚེ་ཐོན་པ་ནས་བཟུང་དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་སྣ་ཡོངས་ཀྱིས་ཆུ་ཚོད་24རེས་མོས་ལས་རེས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་ཤར་གཏོང་ཐུབ་པ་དང་རོགས་སྐྱོབ་རླངས་འཁོར་ལྟེ་བའི་ཁུལ་དུ་བདེ་བླག་ངང་འབྱོར་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། ཟོག་འདྲེན་རླངས་འཁོར་ཆེ་གྲས་སོགས་སྤྱི་ཚོགས་ཀྱི་རླངས་འཁོར་ཐག་ཉེ་སའི་རླངས་འཁོར་འཇོག་སར་འཇོག་རྒྱུའི་འབྲེལ་མཐུད་ཧུར་ཐག་བྱས་པ་དང་དུས་མཚུངས་ཁ་ལོ་བར་དགོས་ངེས་ཀྱི་འཚོ་བའི་འགན་ལེན་ཡང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་དཀར་མཛེས་ཀྲོའུ་ཡིས་རིམ་རྩིས་བྱས་ན་འགྲིམ་འགྲུལ་འགན་ལེན་གྱི་ཉེན་རྟོག་པ་མི་ཐེངས་910དང་ཉེན་རྟོག་རླངས་འཁོར་ཐེངས་280བཏང་ཡོད་པ་རེད། དར་མདོ་མྱུར་བགྲོད་སྦྲེལ་མཐུད་ལམ་ཐིག་དང་འགག་ཟུར་ལུང་ཤུར་གྱི་ཆུ་མདོར་ལྟེ་བའི་བཀག་སྡོམ་ས་ཚིགས་བཙུགས་པ་དང་། གསེར་རྟ་དང་། བརྒྱད་ཟིལ། རོང་བྲག་སོགས་ཀྱི་འགྲིམ་འགྲུལ་རིང་ས་ནས་ཁ་འགྲེམས་ཁ་ཏ་སློབ་སྟོན་ས་ཚིགས་9བཙུགས་པ་རེད། གཞན་ཡང་ཉིན་ལྟར་སྐོར་གཡེང་ཚོགས་ཆུང་15བཏང་སྟེ་དར་མདོ་བརྒྱུད་ཡ་ཅ་ཀང་ནས་ལྕགས་ཟམ་ཁའི་བར་གྱི་ལམ་རྒྱུད་ཀྱི་ཀྲོའུ་རུ་འཛུལ་སྒྲོལ་བྱེད་པའི་བགྲོད་ལམ་གཙོ་བོར་སྐོར་གཡེང་ཡང་ཡང་བྱས་ཏེ། འཕྲལ་སྡོམ་ཉེན་སེལ་དང་། དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན། སྤྱི་ཚོགས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།