དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམངས་འཚོ་ནི་གལ་ཆེ་ཤོས་ཡིན”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཞུའེ་པོ། ཁོང་ཤིས་ཞི།   |     སྤེལ་དུས།  2024-08-08

    འདི་ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོའོ་ཆུས་ཤེ་ཅ་དབན་ཁྲོམ་གཞུང་མིན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམངས་འཚོ་ནི་གལ་ཆེ་ཤོས་ཡིན། ཏང་དང་སྲིད་གཞུང་གི་ལས་དོན་མཐའ་དག་ནི་མི་སེར་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན”ཞེས་ནན་བཤད་གནང་བ་རེད།

    འདི་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིང་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་ཏུ་དམ་པོར་སྦྲེལ་བ། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མཉམ་དུ་གཏོད་དགོས”ཞེས་གསུངས་པ་རེད།

    མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན”ཞེས་བཏོན་ཡོད།

    དེང་རབས་ཅན་གྱི་ངོ་བོ་ནི་མིའི་དེང་རབས་ཅན་ཡིན། འབྱོར་འབྲིང་གི་ཕུགས་འདུན་དང་། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་མཐར་གཏུགས་ནས་བཤད་ན་མི་སེར་གྱི“བདེ་སྐྱིད་ཀྱི་ཕུགས་འདུན”ཡིན། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡང་ཡིན།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕྱིར་རྟོག་ཞིབ་གནང་ཐེངས་དང་པོ་ནི་ཧྲའན་ཤིས་ཡན་ཨན་རེད།

    ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོར་ཡུལ་མི་ཚོས་ཆུ་རགས་རྒྱག་པ་དང་། ཐིགས་ཆུ་གཏོང་བ། དོ་དམ་ཞིབ་ཚགས་བྱེད་པ་བཅས་ལ་བརྟེན་པས། ཆུ་སྤྱོད་དང་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་གསན་སྐབས། ཞི་ཅིན་ཕིང་གིས་དེ་ནི་ཞིང་ལས་དེང་རབས་ཅན་ཡིན་པས་ཁྱེད་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚམ་པོ་ཞིག་རྙེད་འདུག་ཅེས་བསྔགས་བརྗོད་གནང་བ་རེད།

    1940ལོར་ཧྲའན་ཀན་ཉིང་མཐའ་ཁུལ་གྱི་ཡན་ཨན་རང་བྱུང་ཚན་རིག་ཁང་གིས་ཀུ་ཤུའི་སྡོང་ཕྲུག་ནང་འདྲེན་བྱས་པ་ནས་ད་ཆ་ཀུ་ཤུའི་ཐོན་ལས་དེ་ཡན་ཨན་གྲོང་ཁྱེར་ཡོངས་ཀྱི་ཁྱབ་རྒྱ་ཆེ་ཤོས་དང་། རྒྱུན་མཐུད་ཀྱི་ཕན་འབྲས་ཡག་ཤོས། ཞིང་པའི་འབབ་འཕར་ལ་ལེགས་སྐྱེས་ཆེ་ཤོས་བཅས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་པའི་བར། དམར་ཐིང་ཐིང་གི་ཀུ་ཤུ་རྡོག་རེ་རེས་དེང་རབས་ཅན་གྱི་ལམ་བུའི་ཐོག་གི་ཕུགས་འདུན་ནས་ཕུགས་འདུན་མངོན་འགྱུར་བར་གྱི་་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ལ་བདེན་དཔང་བྱས་པ་མ་ཟད། ལོ་བརྒྱའི་ཏང་ཆེན་པོ་ཞིག་གིས་མི་དམངས་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་པ་ཡང་མཚོན་གྱི་ཡོད།

    དེང་རབས་ཅན་ནི་ཤོག་བུའི་ཐོག་གི་དམིགས་ཚད་གྲངས་གཞིར་ལྟ་དགོས་པ་མ་ཟད། མི་དམངས་ཀྱི་བདེ་སྐྱིད་ཁམས་བདེར་དེ་བས་ཀྱང་ལྟ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ན། ད་གཟོད་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་ཡོང་ཐུབ།

    མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། “ང་ཚོའི་དམིགས་ཚད་ནི་རླབས་ཆེ་ལ་བབ་ཆགས་པ་ཞིག་ཀྱང་ཡིན། མཐར་གཏུགས་ནས་བཤད་ན་མི་སེར་རྣམས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན”

    དེ་བས་ཡག་པའི་འཚོ་བ་ནི་རྩེ་རིམ་ཇུས་འགོད་ཁྲོད་ནས་མཚོན་པ་སྟེ། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཆུང་སྐྱོར་མཁན་ཡོད་པ་བཅས་ཡིན་པ་དང་། རྒྱུན་གཏན་འཚོ་བའི་ནང་དོན་འཁྱོལ་བྱས་ན། ཉིན་གཅིག་གི་ལྟོ་དུས་གསུམ་གྱི་ཇ་མར་ཚྭ་བུལ་སོགས་དང་། སྡེ་ཁུལ་སློབ་གྲྭ་ནས་ལྷང་ལྷང་དུ་གྲགས་པའི་དཔེ་དེབ་ཀློག་པའི་སྒྲ ཁྱིམ་གྱི་སྒོ་རྩར་ཡོད་པའི་རྒན་རྒོན་གྱི་ཟ་ཁང་། བསྡད་ཆོག་ཆོག་གི་ཡུན་རིང་བོགས་གཏོང་གི་སྤྱི་ཤག་སོགས་རེད།

    ཧྲང་ཧའེ་མིན་ཧང་ཆུས་ཀྱི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་སུ“ཧྲང་ཧའེ་བ་གསར་པའི”བདེ་སྡོད་ཕུགས་འདུན”ལ་གཟིགས་སྐབས། ཞི་ཅིན་ཕིང་གིས“གྲོང་ཁྱེར་ལ་མཐོ་ཚད་དགོས་པ་མ་ཟད། དྲོ་སྐྱིད་དེ་བས་ཀྱང་ལྡན་དགོས”ཞེས་གསུངས།

    སི་ཁྲོན་དབྱི་པིན་སློབ་གླིང་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་འཚོའི་ཐོག་མ་ནི་ལས་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་མངགས་བཅོལ་གནང་།

    ཧྥུའུ་ཅན་སན་མིང་གྲོང་ཁྱེར་ཧྲ་ཤན་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་སྒྱུར་བཅོས་ལས་དམངས་ལ་ཕན་པ་བཏགས་པའི་གནས་ཚུལ་མཁྱེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་།

    “ང་རང་ས་གནས་ལ་རྟོག་ཞིབ་བྱེད་པར་འགྲོ་སྐབས་རྟག་ཏུ་གྲོང་གསེབ་དང་གྲོང་ཁྱེར་གྱི་སྡེ་ཁུལ་དུ་བསྐྱོད་དེ་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇི་འདྲ་ཡོད་པ་དང་། ཉམས་མྱོང་བཟང་པོ་གང་ཞིག་སྤེལ་རེས་དང་ཁྱབ་གདལ་གཏོང་ཆོག་པ། སེམས་ཁྲལ་དང་དཀའ་ངལ་གང་ཞིག་ང་ཚོས་ཐག་གཅོད་བྱེད་དགོས་པ་བཅས་ལ་ལྟ་ཡི་ཡོད”མི་སེར་གྱི་བྱ་བ་ནི་གལ་ཆེ་ཤོས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བྱ་བ་ཐམས་ཅད་ལ་ཐུགས་ཁྲལ་གནང་གི་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་ཧ་ཅང་ཆེ་བའི་དེང་རབས་ཅན་ཞིག་རེད། “མི་དུང་ཕྱུར་14ལྷག་ཙམ་གྱི་བཟའ་བཅའི་གནད་དོན་ཐག་གཅོད་བྱེད་པ་ཁོ་ན་འགྲན་སློང་ཆུང་ཆུང་ཞིག་མ་རེད། ད་དུང་ལས་ཞུགས་དང་། བགོ་འགྲེམས། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ་སོགས་ཀྱི་གནད་དོན་གང་རུང་ཐག་གཅོད་བྱེད་པ་ནི་ལས་སླ་མོ་ཞིག་མ་རེད་ལ། དེ་དག་གང་རུང་དང་འབྲེལ་བ་ཡོད་པའི་མི་ཚོགས་ཀྱི་གྲངས་འབོར་ཡང་ཧ་ཅང་ཆེན་པོ་རེད”

    དམངས་འཚོའི་བྱ་བ་ཅི་ཡང་ཀུན། རྩ་རྩེ་ཡོངས་ལ་ཐུགས་ཀྱིས་འཕྲེང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་ནི་དུས་ཡུན་རིང་བའི་ལས་ཀ་ཞིག་ཡིན་པས། རྒྱུན་ཆད་མེད་པར་སྒྲུབ་པའི་འགོ་འཛུགས་ས་གསར་པ་མ་གཏོགས་མཇུག་འགྲིལ་ས་ཞིག་མེད།

    ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཀྲེ་ཅང་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་མོད། འོན་ཀྱང་སྐབས་ཤིག་རིང“གྲོང་ཁྱེར་ལ་མཐོང་ཆེན་དང་གྲོང་གསེབ་ལ་སྣང་ཆུང”གི་དཀའ་གནད་འཕྲད་ཡོད། 2003ལོར། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གི་ཇུས་འགོད་དང་བཀོད་སྒྲིག་འོག་ཀྲེ་ཅང་གིས“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་སྤེལ་འགོ་ཚུགས།

    “ལས་གྲྭ་ཁྲི་སྟོང”གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་འཇུག་གཞིར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་བསྐྲུན་པ་དང་ཞིང་པ་མང་ཚོགས་ཁྲི་སྟོང་ལ་བདེ་སྐྱིད་བསྐྲུན་ཡོད། 2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབྱི་ཝུའུ་གྲོང་ཁྱེར་ཧོའུ་ཀྲའེ་ཁྲོམ་གཞུང་ལི་ཙུའུ་གྲོང་ཚོར་ཕེབས་ནས་དེ་ག་ནི་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་བསྡུས་རིས་ཤིག་རེད་ཅེས་ཁས་ལེན་གནང་བ་དང་འབྲེལ། ཚང་མར་ཐུན་མོང་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས་པའི་ལྕག་སྐུལ་ཡང་གནང་།

    འདི་ལོའི་ཟླ་4པར། ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང“ད་ལྟའི་དུས་མཚམས་ཀྱི་ཞིང་པ་མང་ཚོགས་ལ་དགོས་མཁོ་ཆེ་བ་དང་། དམ་འཛིན་བྱེད་ཐུབ་པ། དམ་འཛིན་ལོ་འགའ་བྱས་རྗེས་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་དོན་དངོས་གལ་ཆེན་ལ་དམིགས་ཏེ་དམ་འཛིན་བྱས་རིགས་ལ་གྲུབ་འབྲས་ཐོན་པར་བྱས་ནས་ཞིང་པ་མང་ཚོགས་ལ་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    “རིམ་ཁག་ཏང་ཨུད་དང་སྲིད་གཞུང་ཚང་མས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པར་ནོར་ཤུགས་དང་དངོས་ཤུགས་དེ་བས་མང་བ་བཏང་ནས་ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཐུབ་པ་དང་བརྟན་པོ་ཡོང་བའི་གནད་འགག་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་ཐུག་ཡོད། མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་དམངས་འཚོར་དྲོད་འཁོལ་སྦྱིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམངས་འཚོའི་རྒྱུགས་ལན་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།