ཧྲན་ཤིས་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོལ་ཡིག་བཏོན་པ།
ཉིན་ཤས་གོང་། ཧྲན་ཤིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག《ཧྲན་ཤིས་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོལ་ཡིག》(གཤམ་དུ“སྲོལ་ཡིག”ཅེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་ཡིག་ནང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཧྲན་ཤིས་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ། ཧྲན་ཤིས་ཀྱིས་རྨ་ཆུ་འབབ་རྒྱུད་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།
སྲོལ་ཡིག་ལ་ལེའུ་9དང་ནང་གསེས་ཁག་77ཡོད་ཅིང་། ནང་དོན་གཙོ་བོའི་ནང་འཆར་འགོད་དང་དོ་དམ་ཚོད་འཛིན་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་སྤྱོད། སྦགས་བཙོག་འགོག་བཅོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ། འགན་སྲུང་དང་ལྟ་སྐུལ་བཅས་ཕྱོགས་7ཚུད་ཡོད་པ་རེད།
སྲོལ་ཡིག་ནང་ད་དུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁ་གསབ་མ་དངུལ་སྤྲོད་པའི་ལམ་སྲོལ་འཛུགས་དགོས་པ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མ་ལག་ནང་འཇུག་དགོས་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཆེད་དོན་དཔྱད་ཞིབ་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།