དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས།

    ད་ལོའི་ལོ་མཇུག་གོང་ལ་སྨན་བཅོས་འགན་བཅོལ་ཞབས་ཞུ་གྲོང་ཚོ་ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    སྨན་བཅོས་འགན་བཅོལ་ཐེབས་རྩས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་དོ་དམ་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ《གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ནང་འཇུག་པར་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    གྲོང་ཚོའི་འཕྲོད་བསྟེན་ཁང་ནི་ཆེས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་ཡིན་པའི་ཆ་ནས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་རྨང་གཞི་དང་གྲོང་གསེབ་ཀྱི་ཡུལ་མིས་སྨན་པ་བསྟེན་པའི་ས་ཚིགས་དང་པོ་ཡིན་ལ། སྨན་བཅོས་འགན་སྲུང་ཞབས་ཞུ་མངོན་འགྱུར་ཡོང་བའི“མཐའ་མའི་འགག་གནད”ཀྱང་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་བརྡ་ཐོ་བཀྲམ་ནས། ས་གནས་ཁག་གིས“མཐུན་རྐྱེན་བསྐྲུན་པ་དང་། བརྒྱུད་རིམ་ལེགས་གཏོང་། བཀོད་གཏོང་ལ་ཤུགས་སྣོན། འཇུག་དགོས་རིགས་ཚང་མ་འཇུག་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ནང་གང་མགྱོགས་འཇུག་པར་མཛུབ་ཁྲིད་བྱས་པ་རེད།

    བརྡ་ཐོའི་ནང་། འགན་འཁྲི་དང་ལས་བགོས་གཞིར་བཟུང་ཐབས་ལམ་སྣ་ཚོགས་བརྒྱུད། 2024ལོའི་ལོ་མཇུག་གོང་ལ་ཆ་རྐྱེན་དང་མཐུན་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ནང་འཇུག་རྒྱུ་དང་། སྲིད་འཛིན་གྲོང་ཚོ་ཁ་ཤས་ལ་གྲོང་ཚོའི་འཕྲོད་བསྟེན་ཁང་མང་པོ་ཡོད་ཚེ་ཉུང་མཐར་ཡང་གྲོང་ཚོའི་འཕྲོད་བསྟེན་ཁང་གཅིག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ནང་འཇུག་ཐུབ་པ་དང་། སྨན་བཅོས་འགན་བཅོལ་ཞབས་ཞུ་གྲོང་ཚོ་ཚང་མར་ཁྱབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད།

    གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ནང་བཅུག་ན་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་ཁུར་པོ་དེ་བས་ལྕི་རུ་ཕྱིན་ཡོད། བརྡ་ཐོའི་ནང་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ། ཕྱོགས་གཅིག་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དུས་བཀག་བཞིན་སྐོར་ཞིབ་དང་ཆེད་དོན་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཐེབས་རྩར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།