“ཀྲུང་གོའི་ཁེ་ལས་ཀྱིས་ནོ་རུའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད”
ཀྲུང་གོ་མཚོ་ཁུག་ཚོགས་པས་ནོ་རུར་སྐྲུན་འགན་འཁུར་བའི་འོད་ཤུགས་གློག་གཏོང་དང་ནུས་གསོག་མ་ལག་རྣམ་གྲངས་ཀྱིས་ས་གནས་དེ་གར་ལྗང་མདོག་མང་པོ་བསྣན་ཞིང་། འདི་ནི་རྣམ་གྲངས་དེའི་ཟུར་ཞིག་གི་འོད་ཤུགས་པང་ལེབ་འོག་སྐྱེས་པའི་སྔོ་ལྗང་ལྗང་གི་རྩི་ཤིང་ཡིན་པ།
འདི་ལོའི་ཟླ་དང་པོར་ཕྱི་འབྲེལ་སླར་གསོ་བྱས་པ་ནས་བཟུང་ཀྲུང་གོ་དང་ནོ་རུའི་དབར་གྱི་མཉམ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ནོ་རུར་བསྐྱོད་དེ་མ་འཇོག་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ནོ་རུའི་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ནོ་རུའི་ཕྱོགས་ལ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་རོགས་བྱས་པ་རེད།
ཉེ་ཆར། འདི་ག་ཚགས་པར་གྱི་གསར་འགོད་པས་ནོ་རུར་བཅར་འདྲི་བྱེད་སྐབས། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་གྲུ་ཁ་རིམ་སྤོར་སྒྱུར་བཀོད་དང་། འོད་ཤུགས་གློག་འདོན། ནུས་གསོག་མ་ལག་སོགས་རྣམ་གྲངས་རབ་དང་རིམ་པར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་མཐོང་བྱུང་། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ནོ་རུ་བ་ཞིག་གིས། རྣམ་གྲངས་དེ་དག་ལས་ས་གནས་འདི་གར་སྔོན་ཐོན་ལག་རྩལ་དང་ལས་ཞུགས་ཀྱི་གོ་སྐབས་མང་པོ་ཐོབ་པ་མ་ཟད། ད་དུང་ནོ་རུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྐུལ་མ་ཐེབས་ཡོད་ཅེས་བརྗོད་པ་རེད།
རྣམ་གྲངས་པུའི་ཅིང་ལི་ཀྲོའུ་ཅུན་ཏུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར། 2022ལོའི་ཟླ་དགུ་པར་ཨའེ་ཝོ་གྲུ་ཁ་བདེ་བླག་ངང་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ནོ་རུའི་གྲུ་ཁར་འཛུལ་བའི་དངོས་ཟོག་གྲུ་གཟིངས་ཀྱི་ཟོག་འབེབས་དུས་ཚོད་དེ་སྔའི་ཉིན་14ནས་ཉིན་5བར་ཐུང་དུ་ཕྱིན་ཡོད། “ནོ་རུ་མི་དམངས་ཀྱི་འཚོ་བའི་མཁོ་ཆས་ཧ་ལམ་ཚང་མ་ནང་འདྲེན་བྱེད་དགོས་པས། གྲུ་ཁ་གཉེར་སྐྱོང་ཐུབ་པ་དེས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཆུང་དུ་ཆེས་ཆེར་བཏང་ནས་ནོ་རུ་དམངས་ཚོགས་ཀྱི་འཚོ་བར་བློས་འགེལ་ཆོག་པའི་འགན་ལེན་ཐུབ་ཡོད”ཅེས་བརྗོད།
ན་ནིང་ཟླ་དགུ་པར། རིང་ཚད་སྨི་756.22ཡོད་པའི་འབར་སྣུམ་མདོང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་རྩིས་སྤྲད་པ་ནས་བཟུང་། ནོ་རུར་མཁོ་བའི་ནང་འདྲེན་སྣུམ་རྒྱུ་ཚང་མ་མདོང་ལམ་བརྒྱུད་དེ་ཐད་ཀར་དབོར་ཆོག་གི་ཡོད། འདི་ལོའི་ཟླ་3ཚེས་6ཉིན། ཨའེ་ཝོ་གྲུ་ཁ་ཁུལ་དང་གྲུ་ཁའི་ཕྱི་ལོགས་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་མ་ལམ་འབའ་ཞིག་སྟེ། སྤྱིའི་རིང་ཚད་ལ་སྨི་630ཙམ་ཡོད་པའི་ཨའེ་ཝོ་གྲུ་ཁའི་རྣམ་གྲངས་ཀྱི་ཕྱི་ལོགས་འགྲོ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ནས། གྲུ་ཁ་ཁུལ་དང་གྲུ་ཁའི་ཕྱི་ལོགས་ཀྱི་དོས་སྒམ་གསོག་ཉར་ཁུལ་སོགས་ལྟེ་གནས་གལ་ཆེན་གྱི་སྦྲེལ་མཐུད་དང་ཟོག་འདྲེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་21.1ཡོད་པའི་ནོ་རུ་ནི་འཛམ་གླིང་ཐོག་གི་གླིང་ཕྲན་རྒྱལ་ཁབ་ཆུང་ཤོས་ཡིན་ལ། རྒྱ་མཚོའི་སྐྱེ་དངོས་ཐོན་ཁུངས་ནི་ནོ་རུའི་འཚོ་གནས་དང་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ཀྲུང་གོའི་ཁེ་ལས་ཀྱིས་ཨའེ་ཝོ་གྲུ་ཁའི་རྣམ་གྲངས་སྐྲུན་རིང་ཁོར་ཡུག་སྲུང་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཡོད་པ་རེད།
ཉི་འོད་འོག་འོད་ཤུགས་པང་ལེབ་སྟར་པ་མང་པོ་གྲལ་འགྲིག་པོར་ཡོད། ཀྲུང་གོ་མཚོ་ཁུག་ཚོགས་པས་ནོ་རུར་སྐྲུན་འགན་འཁུར་བའི་འོད་ཤུགས་གློག་གཏོང་དང་ནུས་གསོག་མ་ལག་གི་རྣམ་གྲངས་ཐོག་མ་དེ་སྔོན་དཔག་བྱས་ན་འདི་ལོར་ལེགས་གྲུབ་ཐུབ་རྒྱུ་ཡིན་ལ། དེ་ནི་ནོ་རུའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་འདོན་རྣམ་གྲངས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ནོ་རུའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་ཀྱི་བསྡུར་ཚད་3%ནས་47%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ས་གནས་དེ་གའི་ལས་མི་གཡོད་ཧན·སི་ཁོ་ཐེས“རྣམ་གྲངས་དེས་གློག་འདོན་ལེགས་སུ་བཏང་ནས་གློག་གཏོང་མ་གནས་དམའ་རུ་བཏང་བ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་ལའང་ཕན་ཐོགས་ཡོད”ཅེས་བརྗོད།
འོད་ཤུགས་གློག་གཏོང་དང་ནུས་གསོག་མ་ལག་རྣམ་གྲངས་ལས་ས་གནས་དེ་གར་ལྗང་མདོག་དེ་བས་མང་བ་བསྣན་ཡོད། དུས་ཡུན་རིང་པོར་ལིན་སྐྱུར་ཚྭའི་གཏེར་ཁ་སྔོག་འདོན་བྱས་རྐྱེན་སྔོན་ཆད་རྣམ་གྲངས་གནས་ཡུལ་དུ་ས་དོང་ཆེན་པོ་མི་ཉུང་བ་ཡོད་པ་མ་ཟད། ད་དུང་སྔོ་ཁེབས་ལའང་གཏོར་སྐྱོན་ཕོག་ཡོད། ཡིན་ན་ཡང་རྣམ་གྲངས་འཛུགས་སྐྲུན་ཚོགས་པས་ཚད་ཡོད་པའི་ས་ཆ་དེ་བེད་སྤྱོད་ལུགས་མཐུན་བྱ་ཆེད། ཨར་འདམ་གྱི་བྱེ་རྡོ་བླུགས་ནས་ས་དོང་ཆེན་པོ་དེ་དག་ཁོད་སྙོམས་པོ་བཟོས་ཐོག་འོད་ཤུགས་པང་ལེབ་སྒྲིག་སྦྱོར་བྱས་པ་རེད། གསར་འགོད་པས་བཅར་འདྲི་བྱེད་སྐབས། འོད་ཤུགས་པང་ལེབ་མང་པོ་ཞིག་གི་འོག་ཏུ་རྩྭ་ལྗང་སྐྱེས་ཡོད་པ་མཐོང་བྱུང་།
ནོ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ཝང་ཤུས་ཀོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་ནོ་རུའི་ཁྱབ་ཁོངས་ཁག་གི་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དབར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རྨང་གཞི་ཡིན། ཀྲུང་ནོའི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དར་རྒྱས་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་རྨང་གཞི་བརྟན་པོ་འདིང་ངེས་རེད་ཅེས་བརྗོད་པ་རེད།