དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབྲི་ཆུའི་ཆུ་འགོའི་བརྟག་དཔྱད་སྙན་ཞུ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཝུའེ་ཡན་དང་། ཁྲེན་ཅེ། ཐེན་ཀྲུང་ཆོན།   |     སྤེལ་དུས།  2024-08-08

    ཉེ་དུས། 2024ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་ཞིབ་རུ་ཁག་མཚོ་བོད་ས་མཐོའི་ལྟེ་བར་བསྐྱོད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི་འབྲི་ཆུའི་ཆུ་འགོའི་ཁུལ་དུ་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ་རེད།

    འབྲི་ཆུའི་ཆུ་འགོའི་ཁུལ་ནི་གནམ་གཤིས་འགྱུར་ལྡོག་གི་ཚོར་བ་སྐྱེན་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཁུལ་ཞིག་རེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གང་དག་ཐེབས་སྲིད་དམ།

    དབྱར་དུས་སུ་ཆུ་བེད་པུའི་འབྲི་ཆུ་ཆུ་བེད་ཨུ་ལྷན་དང་འབྲི་ཆུ་ཚན་རིག་ཁང་སོགས་ཚན་པའི་ཚན་ཞིབ་རུ་མི་20ལྷག་ཙམ་གྱིས“ས་ཆུ་རླུང་བྱེ་འཁྱགས”བཅས་གཙོ་གནད་ཁྱབ་ཁོངས་ལྔ་ལ་དམིགས་ནས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་སོགས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཀྱི་གནས་ཚུལ་གསལ་རྟོགས་དང་ཆུ་འགོའི་འགྱུར་ལྡོག་ཆོས་ཉིད་འཚོལ་ཞིབ་ཀྱིས་འབྲི་ཆུ་སྲུང་སྐྱོང་ཆེན་པོར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་དེ་བས་མང་བ་བྱས་པ་རེད།

    དྲོད་ཚད་དང་བཞའ་ཚན་ལས་བྱུང་བའི་འགྲན་སློང་ལ་དོ་ཁུར་བྱས་པ།

    འབྲི་ཆུ་ཚན་རིག་ཁང་གི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཞུས་ཕིང་གིས་འདི་ལོའི་ཚན་རིག་རྟོག་ཞིབ་ཀྱིས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་གི་ད་ཡོད་གནས་ཚུལ་སྔར་བས་ཁོང་དུ་ཆུད་པ་དང་དེ་ནི་འབྲི་ཆུའི་ཆུ་འགོའི་རྣམ་པར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།

    ཚན་ཞིབ་རུ་མིས་འབྲི་ཆུའི་ལྷོ་འགོའི་འདམ་ཆུ་དང་འབྲི་ཆུའི་ཆུ་གཞུང་ཨ་མ་ཐུང་ཐེན་གཙང་པོ(འབྲི་ཆུ)རྒྱུག་ཁུལ་སོགས་ས་ཁུལ་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གནམ་གཤིས་དྲོ་རུ་ཕྱིན་པ་དང་བཞའ་ཚན་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཉེ་བའི་ལོ་ཤས་རིང་གཙང་པོ་དེ་དག་བཞུར་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆུ་ཁ་རྒྱས་པ་ཤེས་རྟོགས་བྱུང་བ་རེད།

    ད་ཐེངས་ཀྱི་ཚན་ཞིབ་ནང་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་མིག་སྔར་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བ་དང་དུས་མཚུངས་སྨད་རྒྱུད་ས་ཁུལ་ལ་ཆུའི་ཐོན་ཁུངས་འབོར་ཆེན་རྒྱུན་མཐུད་བརྟན་པོའི་ངང་མཁོ་འདོན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ཚད་ལེན་སྙན་ཞུ་ལྟེ་གནས་ཀྱི་ཚན་ཞིབ་རུ་མི་ཧྲི་ལུའུ་ཡིས། འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་རང་ཐོན་ཆུའི་ཐོན་ཁུངས་2005ལོ་ནས་བཟུང་ཕྱོགས་ཡོངས་ནས་མང་དུ་ཕྱིན་པ་དང་ལྷག་པར་དུ་2017ལོ་ཚུན་འཕར་ཚད་མངོན་གསལ་དོད་དུ་ཕྱིན་ཏེ་འདས་ཟིན་པའི་ལོ་5ཡི་ནང་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་ལོ་རེའི་ཆ་སྙོམས་རང་ཐོན་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་261.7ཟིན་པ་དེ་1956ལོ་ནས་2016ལོ་བར་གྱི་ལོ་མང་རིང་གི་ཆ་སྙོམས་གྲངས་ཐང་ལས་40%ཡན་གྱིས་མང་བ་ཡོད་ཅེས་ངོ་སྤྲོད་བྱས།

    དེ་དང་ཆབས་ཅིག དྲོད་ཚད་དང་བཞའ་ཚན་ལས་བྱུང་བའི་འགྲན་སློང་ལའང་ཚན་རིག་མཁས་ཅན་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དཔྱད་ཡིག་ལས་མངོན་པར། ཉེ་བའི་ལོ་60ཡི་རིང་། འབྲི་ཆུ་རྒྱུག་ཁུལ་གྱི་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་འབྲི་ཆུའི་ཆུ་འགོའི་གནམ་གཤིས་འགྱུར་ལྡོག་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་དྲག་ཆར་འབབ་ཚད་མང་དུ་དང་འབབ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

    ད་ཐེངས་ཚན་ཞིབ་ཀྱི་གཙོ་གནད་ཡིན་པའི་ཏུང་ཁེ་མ་ཏི་འཁྱགས་རོམ་ཉེ་བའི་ལོ་ཤས་རིང་རྒྱུན་མཐུད་ངང་བཞུར་བ་དང་2009ལོར་ཏུང་ཁེ་མ་ཏི་འཁྱགས་རོམ་བཞུར་ནས་ཆེ་ཆུང་གཉིས་སུ་གྱེས་རྗེས་མིག་སྔར་འཁྱགས་རོམ་གྱི་མདུན་ངོས་ལྕེ་དབྱིབས་འཁྱགས་པ་ད་དུང་བཞུར་བཞིན་ཡོད་པ་རེད།

    འབྲི་ཆུའི་ཆུ་འགོར་བརྟག་དཔྱད་བྱེད་ཚད་རྒྱུན་མཐུད་ཞིབ་ཚགས་སུ་བཏང་བ།

    འབྲི་ཆུ་རྒྱུག་ཁུལ་གྱི་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཆིན་ཕེང་ཁྲེང་གིས། འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་འབྲི་ཆུ་རྒྱུག་ཁུལ་ཧྲིལ་པོ་ལས་དེ་བས་མངོན་གསལ་དོད་པ་དང་དྲོད་ཚད་འཕར་ཚད་རྒྱུག་ཁུལ་ཧྲིལ་པོའི་ལྡབ་གཉིས་ཙམ་ཟིན་གྱི་ཡོད། འབྱུང་འགྱུར་འབྲི་ཆུའི་ཆུ་འགོའི་ས་ཁུལ་དྲོ་རུ་ཕྱིན་པ་དང་བཞའ་ཚན་ཆེ་བའི་རྣམ་པ་སྔར་བཞིན་རྒྱུན་མཐུད་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་དུས་རབས་21པའི་དུས་མཇུག་ཏུ་འབུད་ཚད་འབྲིང་གྲས་ཀྱི་གནས་ཚུལ་འོག་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་དེང་སྐབས་ལས་ཧྲེ་ཧྲི་ཏུའུ་2ནས་4བར་མཐོ་རུ་འགྲོ་རྒྱུ་དང་ཆར་པ་འབབ་ཚད་10%ནས་30%བར་མང་དུ་འགྲོ་བཟོ་ཡོད་ཅེས་ངོ་སྤྲོད་བྱས།

    ཆིན་ཕེང་ཁྲེང་གིས་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་དྲོ་རུ་ཕྱིན་པ་དང་བཞའ་ཚན་ཆེ་བའི་རྣམ་པ་རྒྱུན་མཐུད་པ་དེས་དུས་སྐབས་ངེས་ཅན་ཞིག་ནང་ཆུའི་ཐོན་ཁུངས་མང་དུ་འགྲོ་བར་ཕན་ཐོགས་ཡོད་མོད། འོན་ཀྱང་གནམ་གཤིས་དྲོ་རུ་ཕྱིན་པ་དེས་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་རྒྱུ་རེད་ཅེས་བཤད།

    ཀྲོའུ་དབྱིན་ཅུན་གྱིས“ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་མང་དུ་ཕྱིན་པ་དེས་གཙང་གསུམ་ཆུ་འགོ་དང་དེ་བཞིན་སྨད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་བར་སྐུལ་ཁྲིད་ཐུབ་མོད། འོན་ཀྱང་བྱེ་འདམ་མང་དུ་ཕྱིན་པ་དང་ཆུ་བོ་རྒྱུག་ཕྱོགས་ལ་འགྱུར་ལྡོག་ཕྱིན་ནས་ཆུ་འབྲེལ་ལས་གྲྭ་དང་ལྟེ་བའི་ལས་གྲྭ་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། གནམ་གཤིས་འགྱུར་ལྡོག་ཁོང་དུ་ཆུད་པའི་འོག་འབྲི་ཆུའི་ཆུ་འགོའི་ཆུ་རྒྱུད་ཀྱི་ཆུ་དཔྱད་བརྒྱུད་རིམ་གྱི་འགྱུར་ལྡོག་ཆོས་ཉིད་དང་ལམ་སྲོལ་ཁོང་དུ་ཆུད་ཚེ་འབྱུང་འགྱུར་ཆུ་དང་བྱེ་མ་མང་ཉུང་གི་འགྱུར་ལྡོག་དང་གནོད་འཚེའི་ཉེན་ཁར་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པར་ཕན་ཐོགས་ཡོད”ཅེས་བཤད།

    འབྲི་ཆུའི་ཚན་རིག་ཁང་ས་ཆུ་སྲུང་འཛིན་ཞིབ་འཇུག་སུའོ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་རྒན་པ་རེན་ཧྥེ་ཕུང་གིས་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་མཐོ་གྲང་སྔོ་ཁེབས་ཉམས་ཞན་དུ་འགྲོ་ཚུལ་ལ་དོ་ཁུར་ཡུན་རིང་བྱས་ཤིང་། རེན་ཧྥེ་ཕུང་གིས་ཚོད་ལྟ་བྱས་པ་བརྒྱུད། དྲོད་ཚད་ཧྲེ་ཧྲི་ཏུའུ་3ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་སྐབས་འབྲི་ཆུའི་ཆུ་འགོའི་ཚོད་ལྟའི་ས་ཚིགས་ཀྱི་མཐོ་གྲང་སྤང་ལྗོངས་ཀྱི་སྐྱེ་ཁམས་མ་ལག་ལ་འགྱུར་མཚམས་གནས་ཀྱི་འགྱུར་ལྡོག་གི་ཁྱད་ཆོས་མངོན་གྱི་ཡོད་པ་དང་། དྲོད་ཚད་འཕར་ཚད་ཧྲེ་ཧྲི་ཏུའུ་3ལས་མཐོ་བ་ཇི་ཙམ་གྱིས་མང་ན་མ་དཔེའི་ནང་གི་རྩི་ཤིང་གི་སྐྱེ་དངོས་སྣ་མང་རང་བཞིན་དེ་ཙམ་གྱིས་ཉུང་དུ་མངོན་གསལ་དོད་པོ་འགྲོ་གི་ཡོད།

    “ཚན་ཞིབ་ཀྱི་སྙིང་སྟོབས”གཅིག་རྒྱུན་གཅིག་འཛིན་བྱས་པ།

    1976ལོར། ཀྲུང་གོ་གསར་པས་འབྲི་ཆུའི་ཆུ་འགོར་ཚན་རིག་རྟོག་ཞིབ་ཐེངས་དང་པོ་སྒྲིག་འཛུགས་བྱས་པ་དང་། དེའི་ནང་ཞུགས་མཁན་རུ་མི་རྣམས་ཀྱིས“ཤི་གསོན་གྱི་ཡི་གེ”བྲིས་ནས་རང་ཉིད་ཀྱི་མིང་བཀོད་དེ་འབྲི་ཆུའི་ཆུ་འགོ་འཚོལ་ཐུབ་པའི་སེམས་ཐག་བཅད། ཆུ་བེད་པུའི་འབྲི་ཆུ་ཆུ་བེད་ཨུ་ལྷན་གྱིས་ཚན་ཞིབ་རུ་ཁག་སྒྲིག་འཛུགས་བྱས་ནས་དཀའ་ངལ་མང་པོ་ཁྱད་བསད་བྱས་མཐར། འབྲི་ཆུའི་ཆུ་ཁུངས་གདང་ལའི་རི་རྩེ་མཐོ་ཤོས་སྐུ་ལྷ་དར་གདོང་གངས་རིའི་འདབས་སུ་གཏུགས་ཐུབ་པ་རེད། ཐེངས་དེའི་རྟོག་ཞིབ་བྱེད་རིང་ད་དུང་འབྲི་ཆུའི་རིང་ཚད་ལ་དག་བཅོས་བྱས་ཏེ་འབྲི་ཆུ་དེ་ཉིད་སྨི་ཞི་ཞི་པེ་གཙང་པོའི་ཚབ་ཏུ་འཛམ་གླིང་གི་ཆུ་བོ་རིང་ཤོས་གསུམ་པར་གྱུར་ཡོད།

    གལ་ཏེ་འབྲི་ཆུའི་ཆུ་འགོ་བཙལ་བ་དེས་ལོ་ངོ་སྟོང་ཕྲག་རིང་ཀྲུང་གོ་བས་དཀའ་སྤྱད་འབད་བརྩོན་གྱིས་མ་ཡུམ་གཙང་པོའི་ཆུ་འགོ་རྩད་གཅོད་བྱས་པར་ལན་བཏབ་པ་རེད་ཅེས་བརྗོད་ན། ཆུ་འགོར་ཚན་རིག་རྟོག་ཞིབ་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་ཀྲུང་གོ་བས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་ངོས་འཛིན་གཏིང་ཟབ་དང་སྲུང་སྐྱོང་ཏན་ཏིག་བྱས་པའི་འབད་པ་ལྷུར་ལེན་གྱི་སྙིང་སྟོབས་མཚོན་ཡོད།

    སའི་གོ་ལའི“གླིང་སྣེ་གསུམ་པའི”མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་དང་ལེན་བྱེད་པའི་ཚོར་བ་སྐྱེན་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཡིན་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གིས་འབབ་རྒྱུད་ཀྱི་གནམ་གཤིས་མ་ལག་བརྟན་པོ་དང་། ཆུའི་ཐོན་ཁུངས་འགན་ལེན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་མ་ལག་བདེ་འཇགས་བཅས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད།

    མིའི་རིགས་ཀྱི་བྱེད་སྒོས་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ལ་ཐེབས་པའི་ཤུགས་རྐྱེན་ཤེས་རྟོགས་གཏིང་ཟབ་བྱ་ཆེད། 2012ལོར་འབྲི་ཆུའི་ཚན་རིག་ཁང་སོགས་སྒྲིག་གཞིའི་ཚན་ཞིབ་མི་སྣ་ཆུ་འགོ་ཡོད་སར་བསྐྱོད་དེ་ཆུ་འགོའི་ཚན་རིག་རྟོག་ཞིབ་རྒྱུན་གཏན་ཅན་དུ་འགྱུར་འགོ་ཚུགས།

    ཞུས་ཕིང་གིས་སྤོབས་པ་ཆེ་ཤོས་བྱེད་ས་ནི། ཚན་ཞིབ་ཚོགས་པས་ཨམ་གཙིགས་བསྡམས་ཏེ་ཆུ་བོའི་རྒྱུག་ཕྱོགས་དང་ལྡོག་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་ཆུ་འགོའི་ཁུལ་དུ་མཐོ་གྲང་གསོ་རླུང་དཀོན་པ་དང་། ལམ་བར་དུ་ངལ་དུབ་ཀྱིས་མནར་བ། གངས་ཆར་བབས་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ནས་ཆུ་འགོའི་ལྟེ་བའི་ཁུལ་དུ་ཡང་ཡང་བསྐྱོད་དེ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་པོ་ཁྱེར་ནས་ཕྱིར་ལོག་བྱས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།