ལོ་སྟོད་དུ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
དངོས་ཟོག་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་38ཟིན་ནས་132.4%འཕར་བ།
ཉེ་ཆར། ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་བོད་ལྗོངས་ཡོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་38ཟིན་ནས་132.4%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་32.09ཟིན་ནས་122.9%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་5.91ཟིན་ནས་202%འཕར་བ། ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་26.18ཟིན་ཡོད།
འདི་ལོ་ཚུན་དུ། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། རིག་ལྡན་འགག་སྒོ་འཛུགས་སྐྲུན་དང“རིག་ལྡན་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”གྱི་བྱ་སྤྱོད་ལ་སྐུལ་འདེད་མྱུར་པོ་གཏོང་བ། “གསར་གཏོད་ཆུང་གྲས་དང་འདྲ་བཟོ་ཁྱབ་གདལ”ཟུང་དུ་འབྲེལ་བའི་རྣམ་པ་གཏོད་པ། “འཕྲལ་མར་ཤར་གཏོང”དང“རིག་ལྡན་གློག་མིག”སོགས་རིག་ལྡན་འགག་སྒོའི་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་མི་སེར་གྱི་ཉོ་ཚོང་ཁྲོམ་རའི་ལྟ་འདོམས་ཞབས་ཞུ་ལེགས་སུ་གཏོང་བ། ཡུལ་སྐོར་བ“འགག་སྒྲོལ་ཤར་གཏོང་ཡོང་བར”སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི“གྲོགས་ཚོགས”རྒྱ་ཆེར་ཧུར་ཐག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ནུས་བསྣན་ཡོད།
ལོ་སྟོད་དུ་བོད་རང་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཚོང་དོན་རོགས་ཟླའི་འབྲེལ་བ་སྔར་བས་བརྟན་དུ་ཕྱིན་པ་དང་གསར་དར་ཁྲོམ་རའི་རོགས་ཟླ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། ནེ་པ་ལ་སྔར་བཞིན་བོད་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་པའི་གནས་བབ་རྒྱུན་འཁྱོངས་ཐུབ་སྟེ་ཕྱོགས་གཉིས་པོའི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་17.93ཟིན་ནས་120.3%འཕར་ཡོད།
ཚོང་དོན་གྱི་གྲུབ་ཆའི་ཐད་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་དང་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་པ་ནི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཚོང་ཟོག་གཙོ་བོ་དེ་རེད། ལོ་སྟོད་དུ་བོད་ཀྱི་ཁེ་ལས་ཀྱིས་རིན་ཐང་སྒོར་དུང་ཕྱུར་16.26རི་བའི་གྱོན་ཆས་དང་ལྷམ་སོགས་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་ཕྱིར་གཏོང་བྱས་པ་དེ་140.3%འཕར་ཡོད། འཕྲུལ་གློག་ཐོན་རྫས་སྒོར་དུང་ཕྱུར་9.99ཟིན་པ་དེ་119.9%འཕར་ནས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26.25ཟིན་པས་བོད་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་82%བཟུང་བ་དང་ཆབས་ཅིག་འཕྲུལ་གློག་ཐོན་རྫས་དང་། ཚོང་ཟོག་འབོར་ཆེན། བཟའ་བཅའ་སོགས་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ནས་ནང་མཁོར་སྔར་བས་སྐུལ་འདེད་དང་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།
ཉོ་ཚོང་བྱ་ཐབས་ཐད་སྤྱིར་བཏང་གི་ཚོང་དོན་དང་མཐའ་མཚམས་ཀྱི་གྲངས་ཉུང་ཚོང་དོན་གཉིས་ཀ་མགྱོགས་མྱུར་འཕར་ཡོད། ལོ་སྟོད་དུ་བོད་ཀྱི་སྤྱིར་བཏང་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་20.12ཟིན་པ་དེ་དུས་མཚུངས་ལས་144.9%འཕར་བ་དང་། མཐའ་མཚམས་ཀྱི་གྲངས་ཉུང་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་15.7ཟིན་པ་དེ་དུས་མཚུངས་ལས་97.1%འཕར་ཡོད། མིག་སྔར་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ཁོ་ནར་མཐའ་མཚམས་མི་སེར་གྱི་ཉོ་ཚོང་ཁྲོམ་ར་གཉེར་བར་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་0.24ཟིན་ཡོད།
དོ་སྣང་བྱེད་དགོས་པ་ཞིག་ལ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་བཅུ་ཆ་དགུ་ལྷག་ཙམ་དམངས་གཉེར་ཁེ་ལས་ཡིན་པ་དང་ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.94ཟིན་པས་བོད་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་68%ཡན་བཟུང་བ་དང་གཞིས་རྩེ་གྲོང་ཁྱེར་ཨང་གཉིས་པར་སླེབས་ཡོད། གྲོང་ཁྱེར་གཉིས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱིས་བོད་ལྗོངས་ཡོངས་ཀྱི་རིན་ཐང་བསྡོམས་འབོར་གྱི་99%ཡན་བཟུང་ཡོད།