ས་མཐོའི་ཕུད་འགྲེམ་དཔལ་འབྱོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
ལེ་ཚན་གཏོད་པའི་གཏམ།
བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་དང་དོན་འཁྱོལ་ལ་དམ་འཛིན་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མཚོན་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལས་ཁུངས་དང་། གྲོང་གསེབ། སློབ་གྲྭ། སྨན་ཁང་། ཁེ་ལས་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་། ཁྱབ་ཁོངས་ཁག སྡེ་ཚན་ཁག་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་བྱེད་ཚུལ་ཕྱོགས་ཡོངས་ནས་གཏོང་སྤེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཆེར་སྐྱེད་ངང་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ནང་ཧུར་ཐག་ཞུགས་པའི་བསམ་པའི་ཉམས་བཟང་མངོན་པར་བྱ་རྒྱུ་ཡིན། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས་བཏོན་པའི“དེང་རབས་ཅན་ལ་དམ་པོར་དམིགས། སྒྱུར་བཅོས་སླར་ཡང་ཟབ་གཏོང་བྱེད”ཅེས་པའི་ཆེད་དོན་ལེ་ཚན་ལ་དོ་ཁུར་ཡོད་པར་ཞུ།
ཉེ་ཆར། རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའུ་ཡི་ཁྲོམ་ར་འཁོར་རྒྱུག་དང་འཛད་སྤྱོད་སྐུལ་འདེད་སིའི་སི་ཀྲང་ཞུས་ཤིང་ཧྥེང་གིས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཕུད་འགྲེམ་དཔལ་འབྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཚོང་དོན་པུས་བཀོད་སྒྲིག་དེ་གཞིར་བཟུང་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཁེ་ལས་ལ་ཐོན་རྫས་གསར་པ་ཁྱབ་བསྒྲགས་དང་། ཚོང་ཁང་དང་པོ་འཛུགས་པ། འགྲེམས་སྟོན་དང་པོ་གཉེར་བ་བཅས་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་མ་ཟད། ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། ཞབས་ཞུ་གསར་པ། ལྗོངས་རྣམ་གསར་པ་བཅས་རྒྱུན་མཐུད་བཏོད་ནས་འཛད་སྤྱོད་པས་དར་སྲོལ་དང་། རྒྱུ་སྤུས། གསར་དར་བཅས་དོན་དུ་གཉེར་བའི་དགོས་མཁོ་བསྐང་རྒྱུ་རེད་ཅེས་བརྗོད།
འོ་ན་ཕུད་འགྲེམ་དཔལ་འབྱོར་ཟེར་བ་ཅི་ཞིག་ཡིན་ནམ།
“ཕུད་འགྲེམ་དཔལ་འབྱོར་ཞེས་པའི་དོན་ནི་དང་པོ་དང་གསར་དུ་གྲུབ་པའི་དཔལ་འབྱོར་རྣམ་པ་ཡིན་ལ་ཚོང་ཁང་དང་པོ་འགོ་བརྩམས་པ་དང་། འདི་ནི་དང་ཐོག་མ་རྒྱལ་སྤྱིའི་སྤུས་རྟགས་ཀྲུང་གོའི་ཁྲོམ་རར་ཞུགས་སྐབས་བཙུགས་པའི་ཚོང་ཁང་དང་པོ་དེ་མཚོན་གྱི་ཡོད། མིག་སྔར་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཕུད་འགྲེམ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་སྲིད་ཇུས་བཟོ་བཞིན་ཡོད”ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་མ་ལག་འཁོར་རྒྱུག་ཁྲུའི་ཁྲུའུ་ཀྲང་གཞོན་པ་དབྱང་ཀྲན་ཧུའེ་ཡིས་ངོ་སྤྲོད་བྱས།
“ཕུད་འགྲེམ་དཔལ་འབྱོར་གྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་འཛད་སྤྱོད་ལྟེ་གནས་ཤིག་གི་གཟུགས་བརྙན་འཛུགས་སྐྱོང་ཐུབ་པ་དང་། ས་གནས་ཤིག་གི་ཐོན་ལས་འཁོར་འབྲེལ་ལའང་སྐུལ་ཁྲིད་བྱེད་ཐུབ། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ཚོང་ཁང་དང་པོའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རིམ་བཞིན་འཐུས་ཚང་དུ་གཏོང་བཞིན་ཡོད་ཅིང་། འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་ཞིག་ཆགས་པའི་རེ་བ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་འཁོར་རྒྱུག་སྙོམས་སྒྲིག་ཁོའོ་ཡི་ཁོའོ་ཀྲང་ལུའུ་ཝུན་ཝུན་གྱིས་བཤད།
ལྷ་སར་ཕུད་འགྲེམ་དཔལ་འབྱོར་ལ་གོ་སྐབས་གསར་པ་རིམ་བཞིན་ཐོབ་པ།
ཉེ་བའི་ལོ་ཤས་རིང་། ཚོང་ཁང་བསྐོར་བ་དང་འགྲེམས་སྟོན་ལ་ལྟ་བ་ནི་བོད་ཀྱི་མི་རྣམས་ཀྱིས་དགའ་པོ་བྱེད་པའི་མྱོང་རོལ་བྱེད་སྟངས་ཤིག་ཏུ་གྱུར་ཡོད། དེའི་ནང“ཚོང་ཁང་དང་པོ”དང“འགྲེམས་སྤེལ་དང་པོ”“འགྲེམས་སྟོན་དང་པོ”བཅས་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་ཡོད། ལྷ་ས་གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་གསར་པ་དང་ཚོང་ལས་ཁྲོམ་གཞུང་གི་གྲངས་འབོར་མང་དུ་ཕྱིན་པ་དང་བསྟུན། ཚོང་ཁང་ཐོག་མའི་དཔལ་འབྱོར་ལ་རིམ་བཞིན“གཤེར་འདྲེན་ཕན་ནུས”ཆགས་ཏེ་གྲོང་ཁྱེར་ལས་རིགས་ཀྱི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་གདིང་ཤུགས་འདོན་པར་འགུལ་ནུས་གསར་པ་མཁོ་འདོན་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2023ལོར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཚོང་ཁང་ཐོག་མ་རེ་ཞུ་བྱེད་པའི་ཁེ་ལས་མང་པོའི་ཁྲོད་ནས་ཚོང་ཁང་ཐོག་མ་19ཡི་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་བདམས་ནས་བྱ་དགའ་སྤྲད་ཅིང་། དེ་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། ས་ཁོངས་རྣམ་པའི་སྤྱི་ཁྱབ་པུའུ། སྤུས་རྟགས་གྲགས་ཅན་གྱི་ཚོང་ཁང་ཐོག་མ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད། བྱ་དགའ་ཐོབ་པའི་ཁེ་ལས་དེ་དག་གིས་འདས་ཟིན་པའི་ལོ་གསུམ་ནང་རིམ་རྩིས་བརྒྱབ་ན། ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་16.48ཟིན་པ་དང་ཁྲལ་འབབ་སྒོར་ཁྲི་4500ཙམ་ལེགས་སྐྱེས་ཕུལ་བ་མ་ཟད། མི་ཐེངས་ཁྲི་1.6ལྷག་ཙམ་གྱི་ལས་ཞུགས་ལའང་ཐད་ཀར་སྐུལ་ཁྲིད་ཐུབ་ནས་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཕུད་འགྲེམ་དཔལ་འབྱོར་ལ་དགའ་བསུ་ཐོབ་དོན་ཅི་ཡིན་ནམ།
“ཕུད་འགྲེམ་དཔལ་འབྱོར”གྱི“ཟིལ་ཤུགས”གྱིས་གསར་པ་དང་། རྩེ་གྲ། ཁྱད་ལྡན་བཅས་ཀྱི་ཚོང་ཟོག་དང་ཞབས་ཞུའི་ཐད་ཀྱི་འཛད་སྤྱོད་པའི་དགོས་མཁོ་དང་ཐད་ཀར་འབྲེལ་ནས་ཚོང་ཁུལ་གྱི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་གསར་གཏོད་ལ་སྐུལ་འདེད་གཏོང་ཐུབ་པ་དེ་རེད།
ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྟབས་ཇེ་བདེ་དང་འཛད་སྤྱོད་རིམ་སྤོར་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན། འཛམ་གླིང་ཡང་རྩེར་ཆགས་པའི་ཡུལ་ལུང་དུ་ཚོང་ཟོག་སྣ་ཚོགས་ཁྱབ་ནས་བོད་ཀྱི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། ས་མཐོའི་འཛད་སྤྱོད་ཁྲོམ་རར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་བོད་ཀྱི་འཛད་སྤྱོད་པར་རང་བདག་དབང་ཆ་དང་གདམ་གསེས་དབང་ཆ་དེ་བས་མང་བ་ཐོབ་ཡོད།
“ཚོང་ཁང་ཐོག་མའི་སྤུས་རྟགས་ནང་འདྲེན་བྱས་ནས་ཚོང་ར་ཧྲིལ་པོའི་འགྲུལ་རྒྱུན་དང་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད་ཅིང་། ཤུགས་རྐྱེན་ལྡན་པའི་སྤུས་རྟགས་ལ་བརྟེན་ནས་ས་ཁུལ་གྱི་ཚོང་ཁང་ཐོག་མས་རང་སོ་སོའི་ཁྱད་ཆོས་བཏོད་པ་མ་ཟད། ད་དུང་འཛད་སྤྱོད་ཀྱི་ལྗོངས་རྣམ་དང་ཉམས་ལེན་གསར་རྐྱང་བཟོས་པར་བརྟེན་ནས་འཛད་སྤྱོད་པར་ངོ་མཚར་དང་འཚོལ་ཞིབ་བྱེད་པའི་ཡིད་དབང་བཀུག་ཡོད། ཕྱོགས་གཞན་ཞིག་ནས་ན་གཞོན་འཛད་སྤྱོད་པའི་འཛད་སྤྱོད་གོམས་གཤིས་དང་མཛེས་དཔྱོད་ལ་འགྱུར་ལྡོག་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད་པ་དང་། སྤུས་ཚད་ལེགས་པའི་སྤུས་རྟགས་ཚོང་ཁང་ཐོག་མ་ནང་འདྲེན་བྱེད་པ་དེའང་ཚོང་རའི་གསོན་ཤུགས་དང་ཧེ་བག་ཅན་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་ཡང་རེད”
ཕུད་འགྲེམ་དཔལ་འབྱོར་གྱི་ཐུན་མོང་མིན་པའི་ཡིད་དབང་འཕྲོག་ཤུགས་དང་གདིང་ཤུགས་ལ་དོ་ཁུར་སྔར་བས་ཆེ་བ་ཐོབ་ཅིང་། ལུའུ་ཝུན་ཝུན་གྱིས“ཕུད་འགྲེམ་དཔལ་འབྱོར་གྱི་ཡིད་འགུག་ཕན་ནུས་ཧ་ཅང་ཆེན་པོ་ཡོད། ཡིད་འགུག་ཕན་ནུས་འདི་རིགས་ལ་བརྟེན་ནས་འཛད་སྤྱོད་པའི་འདོད་བློ་འཕེལ་བར་བྱས་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་ཐུབ། གཞན་ཡང་ཚོང་ཁང་ཐོག་མ་ཡིན་ན་འདྲ། ལས་རྣམ་གསར་པ་དང་ཞབས་ཞུ་གསར་པ་ཡིན་ནའང་འདྲ། ཚང་མས་གསར་གཏོད་ཀྱི་ངོ་བོ་ཆེན་པོ་མཚོན་གྱི་ཡོད། གསར་གཏོད་འདི་དག་གིས་འཛད་སྤྱོད་ལ་སྣེ་ཁྲིད་དང་སྐུལ་སློང་བྱ་རྒྱུར་ཕན་ཐོགས་ཡོད”ཅེས་བཤད།
ཕུད་འགྲེམ་དཔལ་འབྱོར་བོད་དུ་དར་རྒྱས་ཇི་ལྟར་ཡོང་བ་བྱེད་དགོས།
ཕུད་འགྲེམ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་འཛད་སྤྱོད་ཁྲོམ་རའི་དུས་ཀྱི་འཁོར་ཕྱོགས་ཡིན་པ་མ་ཟད། “དྲ་ཐོག་གྲགས་ཅན”གྱི་ཚོང་ཁང་ཐོག་མ་དེ“ཡུན་རིང་གྲགས་ཅན”གྱི་ཚོང་ཁང་རྙིང་པར་འགྱུར་བའི་ཐབས་ལམ་ཞིག་ཀྱང་རེད།
ས་གནས་དང་ཁེ་ལས་ཀྱིས་ཡུན་རིང་གཉིས་ཕན་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ། འདི་ནི་ཚོང་ཁང་ཐོག་མའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོག་མའི་དུས་ནས་བསམ་བློ་གཏོང་བ་དང་བཀོད་སྒྲིག་བྱེད་པའི་གནད་དོན་ཞིག་རེད། ཚོང་ཁང་ཐོག་མ་མང་པོ་ཞིག་གི་ངོས་ནས་བརྗོད་ན། ལྷ་སར་གཞིས་ཆགས་པར་འཛད་སྤྱོད་ཁྲོམ་རའི་གདིང་ཤུགས་ལ་དོ་སྣང་བྱེད་པ་ཕུད། སྤུས་ལེགས་ཚོང་གཉེར་ཁོར་ཡུག་གི་རམ་འདེགས་ཀྱང་ཡོད་པས་རེད།
ལུའུ་ཝུན་ལུན་གྱིས་ངོས་འཛིན་བྱས་དོན། “ང་ཚོས་ཕུད་འགྲེམ་དཔལ་འབྱོར་གི་རྣམ་པས་སྤུས་རྟགས་གཏོད་པར་ཚད་གཞི་དེ་བས་མཐོ་རུ་བཏང་བ་དང་། སྤུས་ལེགས་ཀྱི་ཐོག་མའི་ཉམས་ལེན་གྱིས་ཚོར་སྣང་གསར་པ་ཞིག་སྦྱིན་ཐུབ་མོད། འོན་ཀྱང་ཚོར་སྣང་དེ་རིགས་ཆུང་དུ་འགྲོ་སྲིད་པ་ཤེས་དགོས། དེར་བརྟེན་སྤུས་རྟགས་དེ་སྲོལ་རྒྱུན་གྱི་ཚོང་ཟོག་ཕྱིར་ཚོང་སྒྲོམ་གཞི་ཁོ་ན་མིན་པར་ཐོན་རྫས་གསར་སྤེལ་དང་སྤུས་རྟགས་ཀྱི་གཟུགས་བརྙན་གཏོད་པ་སོགས་ཕྱོགས་མང་པོའི་ཐད་ནས་མུ་མཐུད་གསར་གཏོད་བྱེད་དགོས། འཛད་སྤྱོད་པས་བྱ་དངོས་གསར་པ་དང་དེ་བཞིན་སྤུས་ཚད་མཐོ་བའི་འཚོ་བར་ཡིད་སྨོན་བྱེད་པ་དང་བསྟུན་ནས་ཐོག་མར་འགྲེམས་པ་དེ་ཚོང་ཤག་བྱུང་བའི་བར་འགྱུར་ལྡོག་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ལས་རིགས་དོ་དམ་སྡེ་ཚན་གྱིས་ཚོང་ལས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་གཞོལ་བ་དང་དུས་མཚུངས་སུ་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་ཚོང་ཁང་ཐོག་མས་ཁྲོམ་རའི་གནས་ཚུལ་དང་འཛད་སྤྱོད་པའི་དགའ་ཕྱོགས་ཀྱི་འགྱུར་ལྡོག་གཞིར་བཟུང་གསར་གཏོད་དང་འཚོལ་ཞིབ་ལ་སྐུལ་འདེད་གཏོང་དགོས། སྣ་མང་ཅན་དང་རང་གཤིས་ཅན་གྱི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས། ལྷག་པར་དུ་ཁེ་ལས་ཀྱི་ཁྱད་ཆོས་ཅན་དང་ཧེ་བག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་དར་སྤེལ་ཤུགས་ཆེན་བཏང་ནས་ཧེ་བག་ཅན་གྱི་འགྲན་རྩོད་བརྒྱུད་ཕུད་འགྲེམ་དཔལ་འབྱོར་གྱི་ནང་དོན་གཏིང་ཟབ་ཏུ་བཏང་ནས་བརྟན་པོའི་ངང་མདུན་སྐྱོད་ལ་སྐུལ་འདེད་གཏོང་དགོས”
“ཕུད་འགྲེམ་དཔལ་འབྱོར”ནི་དཔལ་འབྱོར་གྱི་སྣང་ཚུལ་ཁོ་ན་མིན་པར། རྒྱང་ལྟའི་བསམ་གཞིགས་མཚོན་པ་དང་གྲོང་ཁྱེར་གྱི་འགྲན་རྩོད་ནུས་ཤུགས་མཚོན་པ་དང་། ཐོན་ལས་རིམ་སྤོར་གྱི་སྐུལ་འདེད་ཡོ་ཆས་ཡིན་ལ་སྲིད་ཇུས་དང་ཁྲོམ་ར་ཕན་ཚུན་སྤེལ་རེས་ཀྱི་ཚོད་ལྟའི་ཞིང་ཁ་ལྟ་བུ་ཞིག་ཀྱང་རེད། གྲོང་ཁྱེར་རེ་དང་ཁེ་ལས་རེ་ལ་མཚོན་ན་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཤིག་རེད། སྲིད་ཇུས་ཀྱི་དགེ་མཚན་ལྡན་པའི་ཁྲིད་སྟོན་འོག་ཁེ་ལས་པས་རྙིང་འབུད་གསར་འདོན་རྒྱུན་འཁྱོངས་བྱས་ཏེ་བྱ་དངོས་གསར་པ་དང་སྤུས་ཚད་ལྡན་པའི་འཚོ་བ་འཚོལ་ཞིབ་བྱེད་པའི་འཛད་སྤྱོད་པའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་པའི་ཡིད་ཆེས་ཡོད།