བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སི་ཁྲོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཉམ་འབྲེལ་ཐོག
“ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་70འཁོར་བར་དྲན་གསོ་ཞུ་བའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་བཅར་འདྲི་བྱེད་འགོ་ཚུགས་པ།
འདི་ལོ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་70འཁོར་བའི་ལོ་ཞིག་རེད་ལ། “ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་60འཁོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ཁ་གསལ་བཏོན་གནང་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སི་ཁྲོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཉམ་འབྲེལ་ཐོག“བདེ་སྐྱིད་ལམ་ཆེན་བདེ་ཤིག་ཤིག མཁའ་ལམ་གླུ་སྒྲ་སྙན་ལྷང་ལྷང་།
‘ལམ་གཉིས’བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་70འཁོར་བར་དྲན་གསོ་ཞུ”ཞེས་པའི་མཉམ་འབྲེལ་བཅར་འདྲི་བྱས་ཤིང་། ཟླ་8ཚེས་6ཉིན་གྱི་སྔ་དྲོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་མཉམ་འབྲེལ་བཅར་འདྲི་བྱེད་འགོ་ཚུགས་པ་རེད།
ད་ཐེངས་མཉམ་འབྲེལ་བཅར་འདྲི་བྱེད་རིང་། ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་ལས་ཁུངས་གསུམ་གྱི་སྨྱན་སྦྱོར་ཡོངས་ཀྱི་གསར་འགོད་པས་ཁྲོན་བོད་ལམ་ཐིག་གི་བཅར་འདྲི་ཚོགས་ཆུང་དང་མཚོ་བོད་ལམ་ཐིག་གི་བཅར་འདྲི་ཚོགས་ཆུང་སོ་སོར་བཙུགས་ཏེ“ལམ་གཉིས”ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དེ་བཞིན་འགྲོ་ལམ་བདག་སྐྱོང་ཤར་གཏོང་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བཅར་འདྲིའི་གནས་ཚུལ་སྤེལ་ཏེ། ཡི་གེ་དང་། རི་མོ། བརྙན་ཐུང་སོགས་མཉམ་འདྲེས་བརྒྱུད་སྤེལ་བྱེད་སྟངས་བརྒྱུད“ལམ་གཉིས”ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་སུ་གྱུར་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པར“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད་བརྩམས་པའི་དད་སེམས་ཀྱི་གླུ་གཞས་དང་འབད་འཐབ་ཀྱི་གླུ་གཞས་དྲིལ་བསྒྲགས་ཡག་པོ་བྱེད་རྒྱུ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འགན་འཁུར་བས། ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད། ང་ཚོས་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་ལས་ཁུངས་ཁག་དང་འབྲེལ་གཏུག་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ནང་དོན་མཉམ་གཏོད་དང་། ལས་སྟེགས་འཛུགས་གཏོད། ལག་རྩལ་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་། ཐོན་ལས་མཉམ་ལས། བྲིན་ཚོང་བྱེད་སྒོ་སོགས་ཐད་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱེད་ཀྱི་ཡིན་ཞེས་བཤད།
མཉམ་འབྲེལ་བཅར་འདྲིའི་བྱེད་སྒོས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་མདུན་དུ་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་བཅར་འདྲིའི་ཚོགས་ཆུང་གཉིས་ཀྱིས་དུས་གཅིག་ཏུ་བཅར་འདྲི་བྱེད་འགོ་ཚུགས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། སི་ཁྲོན་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་འགོ་འཛུགས་མཛད་སྒོར་ཞུགས་ཡོད་པ་རེད།
གཞན་ཡང་སི་ཁྲོན་ལྟ་ཞིབ་ཀྱི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་6ཉིན། སི་ཁྲོན་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་ཡོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ཇུས་འགོད་ཆེ་གྲས་ཏེ“སྤྲིན་རྩེར་ཕྱོགས།——ཁྲོན་བོད་ལམ་ཐིག་ཐོག་གི་ཀྲུང་གོ་འཚོལ་བ”ཞེས་པའི་འགྲོ་སྐྱོད་བརྟག་ཞིབ་འཕྲིན་སྤེལ་རྡོག་ཐོན་མཛད་སྒོ་ཆེ་གྲས་ཁྲེང་ཏུའུ་ཡི་ཁྲོན་བོད་གཞུང་ལམ་གྱི་རྟེན་མཛོད་ཁང་དུ་འཚོགས་པ་རེད། ད་ཐེངས་ཀྱི་འཕྲིན་སྤེལ་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཉམ་འབྲེལ་བྱས་ནས་སྤེལ་བ་ཞིག་རེད། སི་ཁྲོན་འགྲིམ་འགྲུལ་སྐྱེལ་འདྲེན་འཐབ་ཕྱོགས་དང་། ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི། སི་ཁྲོན་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་ཚན་པ་ནས་ཡོང་བའི་མི་བརྒྱ་ལྷག་ཙམ་ད་ཐེངས་ཀྱི་རྡོག་ཐོན་མཛད་སྒོར་ཞུགས་ཡོད་པ་རེད།