མངའ་རིས་ས་ཁུལ་གྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་མི་ཐབས་ལ་བརྟེན་ནས་ཆར་པ་ཕབ་པ།
ཉེ་ཆར། “3、2、1,ཕོངས”ཞེས་བཀའ་བཏང་བ་དང་ཆབས་ཅིག མི་ཐབས་ཆར་འབེབས་ཀྱི་མེ་ཤུགས་འཕུར་མདེལ་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་དམིགས་འཛུགས་ལས་སྒྲུབ་ས་ཚིགས་ནས་མཁའ་དབྱིངས་སུ་བསྟུད་མར་འཕངས་པ་རེད།
གནམ་གཤིས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། ཟླ་5པའི་ཚུན་དུ་མངའ་རིས་ས་ཁུལ་དུ་ཚ་བ་ཆེན་པོ་བསྟན་ནས་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་1.7ནས་3བར་མཐོ་རུ་ཕྱིན་ཡོད། ཐན་པ་ཚབས་ཆེན་བསྟན་པ་ལས་ནགས་ཚལ་རྩྭ་ཐང་གི་མེ་ཟོན་དང་ཞིང་འབྲོག་ལས་ཐོན་སྐྱེད་སོགས་ལ་ཚོད་བགམ་དྲག་པོ་འཕྲད་སྟབས། མངའ་རིས་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་འབྲུབ་འགོག་ཐན་འགོག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་ཛ་དྲག་ངང་བཙུགས་པ་དང་འབྲེལ་མི་ཐབས་ཆར་འབེབས་དཔུང་ཁག་8བཙུགས་པ་རེད། བཀོད་འདོམས་ཚོགས་ཆུང་དང་སྔོན་བརྡ་ཚོགས་ཆུང་གིས་ཉིན་མཚན་མེད་པར་གནམ་གཤིས་ལ་དོ་སྣང་ཆེན་པོ་བྱས་ནས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱི་རོལ་གྱི་ལས་སྒྲུབ་ཚོགས་ཆུང་གིས་རང་སོ་སོའི་ལས་སྒྲུབ་ས་ཚིགས་སུ་བཀའ་བསྒུགས་ནས་བསྡད་ཅིང་། ཉེ་ཆར་ཆར་པ་འབེབས་པའི་ཆ་རྐྱེན་འཛོམས་པའི་སྐབས་དང་བསྟུན་ཏེ། མི་ཐབས་ཆར་འབེབས་ཐེངས་3བྱས་པ་དང་མེ་ཤུགས་འཕུར་མདེལ་90ལྷག་ཙམ་འཕངས་པ་རེད།
གནམ་གཤིས་མ་ལག་དང་མི་ཐབས་ཆར་འབེབས་ལས་ཀའི་ཐུན་མོང་གི་ཤུགས་རྐྱེན་འོག་ས་ཁུལ་ཡོངས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་54ལ་ཆར་པ་བབས་ཤིང་། ས་ཁུལ་ཁ་ཤས་ལ་ཆར་པ་འབབ་ཚད་ཧའོ་སྨི་32.6ཟིན་ནས་ཞིང་འབྲོག་ཁུལ་གྱི་ཐན་སྐྱོན་ཞི་ལྷོད་དུ་གཏོང་བ་དང་། ས་རྒྱུའི་བཞའ་ཚན་ཆེ་རུ་གཏོང་བ། སྐྱེ་ཁམས་སླར་གསོ་བྱེད་པ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།