ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་7.5%འཕར་བ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་64961ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་7.5%འཕར་ཞིང་། དེའི་ནང་རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་ཅུང་མངོན་གསལ་དོད་པོ་ཡོད་པའི་ལས་རིགས་ཆུང་གྲས་16གི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་27024ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.2%འཕར་བ་དང་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཚང་མ་ལས་བརྒྱ་ཆའི་གྲངས་3.7མཐོ་བ་ཡོད་པ་རེད།
ཐོན་ལས་རིགས་དབྱེ་ནས་བལྟས་ན། རིག་གནས་བཟོ་སྐྲུན་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་19221ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.4%འཕར་ཡོད། རིག་གནས་ཀྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར་11031ཟིན་ནས་6.3%འཕར་བ། རིག་གནས་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར་34709ཟིན་ནས་9.0%འཕར་ཡོད།
ལས་རིགས་དབྱེ་ནས་བལྟས་ན། གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་8768ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.8%འཕར་བ་དང་། ནང་དོན་གསར་རྩོམ་ཐོན་སྐྱེད་ལ་སྒོར་དུང་ཕྱུར་14628ཟིན་ནས་10.2%འཕར་བ། གསར་གཏོད་ཇུས་འགོད་ཞབས་ཞུར་སྒོར་དུང་ཕྱུར་10958ཟིན་ནས་6.7%འཕར་ཡོད།
ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་5250ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.9%འཕར་བ་དང་། ཚོང་གཉེར་ཡོང་འབབ་ཀྱི་ཁེ་སྤོགས8.08%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.11འཕར་ཡོད།