རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།
སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཉེ་ཆར། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་གཙོ་གནད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། 2023ལོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5ཡི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་ལག་བསྟར་བྱས་ནས་རྒྱལ་ཁབ་སྤྱི་གླིང་ཁག་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བདུན་བདར་དངོས་རིགས་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་བྱུང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་བརྟན་པོའི་ངང་མང་དུ་ཕྱིན་པ། སྐྱེ་ཁམས་ཀྱི་ནུས་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་རེད། ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་གིས་སྲུང་སྐྱོང་སྔོན་ལ་བྱེད་པ་དང་ཕྱོགས་སྒྱུར་ལུགས་མཐུན་གྱི་ལམ་སྲོལ་དང་རྣམ་པ་འཚོལ་ཞིབ་བྱས་པས་སྡེ་ཁུལ་གྱི་གྲོང་མི་ཁྲི་5ཙམ་སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་ལ་ཞུགས་ཡོད་པ་རེད།
ཚན་རིག་དང་མཐུན་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་མ་ལག་ཆེ་ཤོས་འཆར་འགོད་འཛུགས་སྐྲུན་བྱས་པ། 《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》གཞིར་བཟུང་རྒྱལ་ཁབ་སྤྱི་གླིང་གི་གདམ་བྱའི་ཁུལ་49འཆར་འགོད་བཀོད་སྒྲིག་བྱས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་110ཙམ་ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་99ཟིན་པ་དེས་རྒྱལ་ཁབ་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་10.3%བཟུང་བ་དང་མཚོ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11ཟིན་ཡོད། རྒྱལ་ཁབ་སྤྱི་གླིང་གི་གདམ་བྱའི་ཁུལ་49ཡིས་རང་རྒྱལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་རྩེ་གྲས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་ས་ཁོངས་རྒྱལ་ཁབ་སྤྱི་གླིང་མ་ལག་ནང་བཅུག་པ་དང་སྐམ་སའི་ས་ཁོངས་སུ་ཁྱབ་པའི་རྩ་ཆེའི་རྩི་ཤིང་རིགས་ཁྲི་2.9དང་སྒལ་ཚིགས་སྲོག་ཆགས་རིགས་5000ལྷག་ཙམ་ཚུད་ཡོད་པ་དང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་འཚོ་སྡོད་ཁུལ་80%ཡན་སྲུང་སྐྱོང་བྱས་ཡོད་པ་རེད།
ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5ཡི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་སྲུང་སྐྱོང་མངོན་འགྱུར་བྱུང་ནས་གཙོད་ཁྱུ་ཚོགས་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གིས་རི་སྐྱེས་དོམ་ཁྲ་70%ཡན་སྲུང་སྐྱོང་བྱས་ནས་ས་ཁོངས་ཁྱུ་ཚོགས་ཀྱི་སྐྱེ་ཁམས་བར་ཁྱམས་13སྦྲེལ་མཐུད་བྱས་ཡོད་པ་རེད། བྱང་ཤར་གྱི་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་བྱང་ཤར་གྱི་སྟག་གི་གྲངས་འབོར་70ལས་བརྒལ་བ་དང་བྱང་ཤར་གྱི་གཟིག་གི་གྲངས་འབོར་80ལས་བརྒལ་ཡོད། ཧའེ་ནན་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་གི་ཆར་ཆུ་མང་བའི་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྤྲ་དཔུང་རིང་ཁྱུ་ཚོགས་7གྱི་གྲངས་འབོར་42བར་སླར་གསོ་བྱུང་ཡོད། ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་གི་རི་བྱ་ཤ་རྭ་ལྟོ་སེར་གྱི་གྲངས་འབོར་700ཙམ་རྒྱུན་འཁྱོངས་ཐུབ་ནས་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཕྱོགས་སྟོན་བཟོས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་དང་དྲིལ་བསྒྲགས་སློབ་གསོ་སོགས་ལེ་ལག་ཚང་བའི་བྱེད་ཐབས་དང་ཡིག་ཆ་པར་འགྲེམས་བྱས་པ། 《རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཚད་གཞི》དང《རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལག་རྩལ་སྒྲིག་སྲོལ》སོགས་རྒྱལ་ཁབ་ཀྱི་ཚད་གཞི་5ཁྱབ་བསྒྲགས་དང་ལག་བསྟར་བྱས་པ། 《རྒྱལ་ཁབ་སྤྱི་གླིང་འཛུགས་པའི་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་བྱེད་ཐབས》དང《〈རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་བཟོ་འགོད་དང་ཞིབ་བཤེར་ཆོག་མཆན་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ལག་བསྟར་ཞིབ་སྲོལ》སོགས་ལམ་ལུགས་ཡིག་ཆ་10ཙམ་བཟོས་པ་དང་བཟོ་བཅོས་བརྒྱབ་པ་རེད། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5གནས་སའི་ཞིང་ཆེན་དང་མཉམ་འབྲེལ་གྲོས་ཚོགས་ཀྱི་མཐུན་སྦྱོར་སྐུལ་སྤེལ་ལམ་སྲོལ་བཙུགས་ནས་ཐུན་མོང་ཐོག་གནད་དོན་ཞིབ་འཇུག་དང་ལས་དོན་བཀོད་སྒྲིག་བྱས་པ་རེད།