དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་བྱ་སྤྱོད་ལ་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་པ།

    ལས་སྟེགས་ཐོག་ཏུ་ཉོ་ཚོང་བྱས། དོ་དམ་དེ་བས་ཚད་ལྡན་བྱུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ཚ་གདུག་གི་ཉི་འོད་འོག་ཏུ་ཚའེ་ཧའེ་ཅན་གྱིས་ཉ་གསོའི་རྫིང་བུ་ཉམས་གསོ་དང་། རྩྭ་ལྕོག་སྤུངས་པ། ལྡུམ་ར་བཀོད་སྒྲིག་བཅས་བྱེད་པར་བྲེལ་ཞིང་། ཁོང་གིས་དབྱར་ཁའི་གུང་གསེང་རིང་བྱིས་ཁྲིད་ཞིང་ར་སྒོ་མོ་འབྱེད་བསམ་པ་རེད།

    ན་ནིང་ས་ཆ་དེ་ཐང་རྒོད་ཅིག་རེད། ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་ནན་སུན་གྲོང་ཚོ་བཤིག་སྤོ་བྱས་རྗེས་ས་ཞིང་མུའུ་700བེད་མེད་དུ་ལུས་ཞིང་། བོགས་གླ་མཐོ་ན་བོགས་མར་ལེན་མཁན་མེད་ལ། རིན་གོང་དམའ་པོས་བོགས་མར་ཡང་གཏོང་འདོད་མེད་པ་རེད། ཏུང་ལི་ཆུས་ཞིང་ལས་གྲོང་གསེབ་ཨུ་ལྷན་གྱིས་བརྟག་ཞིབ་བྱས་ནས་གནས་ཚུལ་ཤེས་རྗེས། ནན་སུན་གྲོང་ཚོར་ཁྲིད་སྟོན་གྱིས་ཐེན་ཅིན་གྲོང་ཁྱེར་གྲོང་གསེབ་ཐོན་དབང་ཉོ་ཚོང་ཁང་གི་ལས་སྟེགས་ནས་ཡོངས་བསྒྲགས་ཐོག་ཐང་རྒོད་དེ་དང་འགྲམ་གྱི་ཆུ་རྫིང་11མཉམ་དུ་བོགས་མར་བཏང་བ་རེད།

    སྔོན་མའི་ཆུ་རྫིང་འགན་གཙང་ལེན་མཁན་ཚའེ་ཧའེ་ཅན་གྱིས་གནས་ཚུལ་དེ་ཤེས་རྗེས་བོགས་མར་ལེན་རྒྱུའི་བསམ་བློ་འཁོར། ཁོང་ལ་གསོ་ཚགས་དང་འདེབས་འཛུགས་ཀྱི་ཉམས་མྱོང་ཡོད་ལ། ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་ཀྱང་གཉེར་འདོད་ཆེན་པོ་ཡོད། འོན་ཀྱང་ཁོང་གིས་སེམས་སུ“ང་གྲོང་ཚོ་གཞན་གྱི་མི་ཡིན་པས། གྲོང་ཚོ་དེ་གའི་མིའི་ལག་ནས་རག་ཐུབ་བམ་སྙམ”

    ཚའེ་ཧའེ་ཅན་མ་ཟད། 2021ལོར་ནན་སུན་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ལས་འཛིན་ཀྲང་ཡིན་པའི་ཧྥན་གཡོད་ཧོ་ཡིས་ཀྱང“དེ་སྔ་གྲོང་ཚོར་དཀའ་ལས་ཆེ་ཤོས་ནི་གན་རྒྱ་རྙིང་པ་དུས་ཚོད་ཐིམ་པ་དང་གན་རྒྱ་གསར་པ་འགོ་ཚུགས་པའི་སྐབས་སུ་རིན་གོང་མཐོ་དམའ་མི་འདྲ་བ་དང་ལོ་ཚད་རིང་ཐུང་མི་འདྲ་བས། འགལ་ཟླ་ཇེ་ཆེར་འགྲོ་བར་བསམ་ནས་ཡོངས་བསྒྲགས་བྱེད་མི་ཕོད། མ་ཟད་གན་རྒྱ་བཅོས་སྒྲིག་གི་དུས་སུ་འཁེལ་བས་ཐག་གཅོད་བྱེད་དཀའ་བའི་གནད་དོན་མང་པོ་ཡོད”ཅེས་བརྗོད་བྱུང་།

    2019ལོའི་ལོ་མཇུག་ཏུ། ཐེན་ཅིན་ཞིང་ལས་ཉོ་ཚོང་ཁང་གིས་གྲོང་གསེབ་ཀྱི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་ཁྲོམ་རའི་གྲོང་ཚོ་རིམ་པའི་ཞབས་ཞུའི་མཐའ་སྣེ་ཤར་གཏོང་བྱས་ནས“གྲོང་ཁྱེར་དང་། ཆུས། གྲོང་རྡལ(ཁྲོམ་གཞུང)”བཅས་རིམ་གསུམ་ཁྲོམ་ར་ནས“གྲོང་ཁྱེར་དང་། ཆུས། གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ”བཅས་རིམ་བཞིའི་ཁྲོམ་རའི་བར་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པ་རེད།

    སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་ཇི་ལྟར་བྱེད་དགོས་སམ། ཏུང་ལི་ཆུས་ཀྱིས་ཐེན་ཅིན་གྲོང་ཁྱེར་གྲོང་གསེབ་ཀྱི་ཐོན་དབང་ཉོ་ཚོང་ཁང་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ནང་བཤུག་དང་། བོགས་གཏོང་། མ་རྐང་འཇོག་པ། གཏའ་འཇོག ཕྱིར་འཚོང་སོགས་ཀྱི་ཉོ་ཚོང་བྱ་སྤྱོད་ངེས་པར་དུ་ཐོན་དབང་ཉོ་ཚོང་ཁང་གི་ལས་སྟེགས་ཐོག་ཡོངས་བསྒྲགས་བྱེད་པ་དང་། ཁྲོམ་རའི་ཉོ་ཚོང་100%ལ་ཁྱབ་པར་བྱས་ནས། ཁྲོམ་རའི་ཕྱིར་ཉོ་ཚོང་དང་ལྐོག་ཏུ་ཐེ་ཇུས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཐེན་ཅིན་གྲོང་ཁྱེར་གྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲོམ་རའི་ཉོ་ཚོང་ཁྱོན་ཡོངས་ལ་ཁྱབ་པའི་ཞིང་འབྲེལ་ཆུས་ཐོག་མར་གྱུར་ཡོད།

    ཚའེ་ཧའེ་ཅན་གྱིས“ཐོན་དབང་ཉོ་ཚོང་ཁང་གི་སྟེགས་བུ་ཡོད་ཙང་། འགན་གཙང་ལེན་རྒྱུའི་རྣམ་གྲངས་ཚང་མ་སྟེགས་བུའི་ཐོག་ཡོད་པས་སུ་ལ་དགོས་ན་ལེན་ཆོག་ཆོག་ཡོད་པ་མ་ཟད། དྲང་པོ་དྲང་གཞག་ཡོད་ལ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཡང་ཐོབ་པས། གཉེར་སྐྱོང་བྱེད་མཁན་ལ་སེམས་ཁྲལ་མི་འདུག”ཅེས་བཤད།

    “འགན་གཙང་དུད་ཚང་ཚང་མར་ཕན་ཐོགས་ཡོད་པ་མ་ཟད། ཕྱོགས་མང་གཉིས་ཕན་གྱི་བྱ་བ་བཟང་པོ་ཞིག་རེད”ཧྥན་གཡོད་ཧོ་ཡིས“གྲོང་ཚོའི་མཉམ་སྡེབ་ཐོན་དབང་ཉོ་ཚོང་སྟེགས་བུར་བཀོད་རྗེས་གན་རྒྱ་དེ་བས་ཚད་ལྡན་དུ་ཕྱིན་ཏེ་གྲོང་ཚོའི་འགལ་ཟླ་ཉུང་དུ་ཕྱིན་ཞིང་། འགན་གཙང་ལེན་མཁན་གྱི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་འདུག་ལ། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་དང་ཁོངས་མིའི་བགོ་འགྲེམས་ཀྱང་དེ་དང་ཆབས་ཅིག་མང་དུ་ཕྱིན་ཡོད། ད་ཆ་ས་རྒོད་མུའུ་700འགན་གཙང་སྤྲད་པར་བརྟེན་ནན་སུན་གྲོང་ཚོར་ལོ་གཅིག་ལ་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་56བྱུང་བས། ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ལ་ཚང་མར་ཕན་པའང་ཐོབ་ཡོད”ཅེས་བཤད།

    ཉོ་ཚོང་བརྒྱུད་རིམ་གྱི་ལྟ་འདོམས་ཚད་ལྡན་དུ་བཏང་ནས་ཏུང་ལི་ཆུས་ཀྱིས་མཉམ་སྡེབ་རྒྱུ་ནོར་དོ་དམ་མ་ལག་དང་གྲོང་གསེབ་ཀྱི་ཐོན་དབང་ཉོ་ཚོང་མ་ལག་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཅིང་། མཉམ་སྡེབ་དཔལ་འབྱོར་བྱ་སྤྱོད་ལ་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རྒྱུ་ནོར་ཉོ་ཚོང་གནས་ཚུལ་ལ་རྗེས་སྙེག་ཐོ་འགོད་དང་ལྟ་ཞིབ་ཚད་ལེན་བྱས་པར་བརྟེན་རྩིས་གཉེར་ཞིབ་རྩིས་དང་། རྒྱུ་ནོར་དོ་དམ། ཐོན་དབང་ཉོ་ཚོང་། མ་དངུལ་མཇུག་རྩིས་བཅས་ཀྱི་དོ་དམ་ལམ་ལུགས་ལེགས་པོ་ཞིག་གྲུབ་ཡོད།

    2022ལོར་ཕྱོགས་ཡོངས་ནས་ཁྲོམ་རར་ཞུགས་པའི་ཉོ་ཚོང་ཁྱབ་གདལ་བཏང་ཚུན་ཏུང་ལི་ཆུས་སུ་རིམ་རྩིས་བྱས་ན། ཁྲོམ་རར་ཞུགས་པའི་ཉོ་ཚོང་ཐེངས་2118ཟིན་ནས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་40.65ཟིན་ཞིང་། དེའི་ནང་ཐོན་དབང་ཉོ་ཚོང་རྣམ་གྲངས་2014དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་29.89ཟིན་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་0.38འཕར་ཡོད། ཉོ་སྒྲུབ་འོས་འགུག་རིགས་ཀྱི་རྣམ་གྲངས་ཁག་104ཟིན་ནས་འོས་ཐོབ་དངུལ་འབོར་སྒོར་དུང་ཕྱུར་10.76ཟིན་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3275གྲོན་ཆུང་ཐུབ་ནས་མ་དངུལ་གྲོན་ཆུང་ཐུབ་ཚད་3%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།