དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལམ་གཉིས”སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70སོང་རིང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ།

    རྒྱལ་ཁབ་ཀྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ལ་མ་དངུལ་སྒོར་དུང་ཕྱུར་3250.96བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-07

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོཊ་འདུ་འཚོགས་ཏེ“ལམ་གཉིས”ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70སོང་རིང་གི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་ཆེད་དོན་ངོ་སྤྲོད་བྱས་པ་རེད། བོད་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཆ་ཚང་བཏང་ནས་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཞིང་ཆེན་འབའ་ཞིག་དེ་ཡིན་པ་དང་། 1953ལོ་ནས་2023ལོ་བར་རྒྱལ་ཁབ་ཀྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3250.96བཏང་ཡོད།

    1954ལོའི་ཟླ་12ཚེས་25ཉིན། ལམ་ཐིག་ཧྲིལ་པོར་སྤྱི་ལེ་4360ཡོད་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་ནས་འཛམ་གླིང་གཞུང་ལམ་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་བོད་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    “ལམ་གཉིས”འཛུགས་སྐྲུན་ལ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཏང་ཀྲུང་དབྱང་གིས་བཀའ་རྒྱ་བཏང་རྗེས་རྒྱ་བོད་ལམ་བཟོ་སྔོན་བྱོན་པ་ཁྲི་10ལྷག་ཙམ་གྱིས་ལ་ཀླུང་བརྒལ་ནས་དད་སེམས་བརྟན་པོ་དང་སྤོབས་སེམས་ཆེན་པོས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ལ་ཞུགས་པ་དང་། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པའི”དཔའ་བོའི་བློ་སྟོབས་ལ་བརྟེན་ནས“ས་གཤིས་གནོད་འཚེའི་རྟེན་མཛོད་ཁང”ཞེས་བརྗོད་པའི་ཁྲོན་བོད་གཞུང་ལམ་བསྐྲུན་པ་དང་ས་བབ་མཐོ་ཚད་སྨི་4000ཡན་གྱི་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་3000ལྷག་ཙམ་བརྐོས་པ་དང་། ཟམ་པ་400ལྷག་ཙམ་བསྐྲུན་པ། ལམ་བཟོ་དམག་དམངས་3000ལྷག་ཙམ་གྱིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་ལ་སོགས་ཧ་ཅང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་ངལ་རྩོལ་ཆ་རྐྱེན་འོག་རང་སྲོག་བློས་བཏང་ནས་རང་བྱུང་གི་ཉེན་ཁ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས“ལམ་གཉིས”ཀྱི་སྙིང་སྟོབས་བཏོད་ཡོད།

    ལོ་70ཡི་རིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་འགྲིམ་འགྲུལ་པ་མི་རབས་ནས་མི་རབས་བར་གྱིས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་བོད་ཀྱི་འགྲིམ་འགྲུལ་ལ“ཨང་དང་པོ”བགྲང་ལས་འདས་པ་བཏོད་ཡོད། 1953ལོ་ནས་2023ལོའི་བར། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ལ་མ་དངུལ་སྒོར་དུང་ཕྱུར་3250.96བཏང་ཡོད། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་ཡོད།

    ད་ཆ་བོད་དུ་ལྷ་ས་ལྟེ་བར་བྱས་ཏེ་སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་ཕྱི་ཕྱོགས་སུ་ནེ་པ་ལ་དང་འབྲེལ་མཐུད་ཀྱི་གཞུང་ལམ་ཆེན་པོ་བསྐྲུན་ཡོད་པ་མ་ཟད། ལྗོངས་ཡོངས་སུ“གཞུང་བཞི་འཕྲེད་གསུམ་བགྲོད་ལམ་བརྒྱད”ཀྱི་གཞུང་ལམ་དྲ་བའི་སྒྲོམ་གཙོ་བོ་རགས་ཙམ་བསྐྲུན་པ་དང“གྲོང་ཁྱེར་ལྔ་དང་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའང་མགྱོགས་མྱུར་ཆགས་བཞིན་ཡོད་པ་རེད། མིག་སྔའི་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་པ་དང་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་666དང་སྲིད་འཛིན་གྲོང་ཚོ་4596ལ་ཨར་འདམ་ལམ་བཏིང་ཡོད།

    ལོ་70ཡི་རིང་སྔར་བས་ཇེ་ཡངས་སུ་འགྲོ་བའི་མཁའ་ལམ་ཐོག་འགྲོ་འོང་བྱེད་མཁན་ཧ་ཅང་མང་པོ་ཡོད་ཅིང་། ད་ཆ་གཞུང་ལམ་ཐོག་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་དང་སྦག་སྦག་བཏང་ནས་ཡོང་མཁན་གྲངས་ལས་འདས་པ་ཡོད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཟླ་བ་དངོས་གྲུབ་ཀྱིས། སྔོན་དཔག་བྱས་ན་2035ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྤྱིའི་གཞི་ཁྱོན་སྤྱི་ལེ་ཁྲི་14ཟིན་ནས་སྟབས་བདེ་བདེ་བླག་དང་། དཔལ་འབྱོར་ནུས་ཆེ། བདེ་འཇགས་བློས་འགེལ། ལྗང་མདོག་ལེགས་བསྡུས་ཞིབ་གཉེར། རིག་ནུས་སྔོན་ཐོན་བཅས་ཀྱི་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།