དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་ལམ་བུ་ཕྱོགས་བཞིར་སྦྲེལ།

    —— ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་སྒྲིལ་གླེང་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-07

    འདི་ནི་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་ལམ་དུམ་བུ་ཡིན་པ།

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་70འཁོར་བའི་ལོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ཁ་གསལ་བཏོན་ནས་ལོ་10འཁོར་བའི་ལོའང་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། མིག་སྔར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཐོག ང་ཚོས་སི་ཁྲོན་ཉིན་རེའི་ཚགས་པར་དང་དེ་བཞིན་མཚོ་སྔོན་ཉིན་རེའི་ཚགས་པར་དང་མཉམ་དུ“ལམ་གཉིས”ཤར་གཏོང་ཐུབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་སྤེལ་ཏེ། “ལམ་གཉིས”རྒྱུད་དུ་བཅར་འདྲི་བྱས་ནས། “ལམ་གཉིས”འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ལྗོངས་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་སུ་གྱུར་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཆབས་ཅིག མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་པར“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བརྩམས་པའི་དད་སེམས་དང་འབད་འབུངས་ཡར་བརྩོན་གྱི་གླུ་གཞས་དྲིལ་བསྒྲགས་ཡག་པོ་བྱ་མུས་ཡིན། ཟླ་8ཚེས་6ཉིན་ནས་བཟུང་། འདི་ག་ཚགས་པར་གྱིས“བདེ་སྐྱིད་ལམ་ཆེན་བདེ་ཤིག་ཤིག མཁའ་ལམ་གླུ་སྒྲ་སྙན་ལྷང་ལྷང་——‘ལམ་གཉིས’ཤར་གཏོང་ཐུབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་བཅར་འདྲིའི”ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    འདི་ནི་འཛམ་གླིང་གི་ལམ་བཟོའི་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་སྟེ། ལོ་70ཡི་གོང་གི་1954ལོའི་ཟླ་12ཚེས་25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ལྷ་ས་གྲོང་ཁྱེར་བར་དུས་གཅིག་ཏུ་ཤར་གཏོང་ཐུབ་པ་ནས་བཟུང་། བོད་དུ་ལོ་ངོ་སྟོང་ཕྲག་རིང་འཕྲང་ལམ་དང་། འབྲེང་ཐག རྒྱབ་འཁུར། ཁལ་མ་བཅས་ཀྱི་སྐྱེལ་འདྲེན་བྱེད་སྟངས་མཇུག་འགྲིལ་ཡོད། “ལམ་གཉིས”ཀྱིས་གངས་ལྗོངས་ས་མཐོ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོ་དམ་པོར་སྦྲེལ་ཡོད།

    འདི་ནི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པའི་མཁའ་ལམ་ཞིག་སྟེ། ལམ་བཟོ་བ་ཁྲི་10ལྷག་ཙམ་གྱིས་ས་འཐབ་གནམ་འཐབ་བྱས་ནས་གཡང་གཟར་དང་ས་མཐོའི་འཁྱགས་སའི་ཐོག་རིང་ཚད་སྤྱི་ལེ་4360ཟིན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པ་དང་། ལམ་བཟོ་བ་3000ལྷག་ཙམ་གྱིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཡོད་པ་རེད། འཛུགས་སྐྲུན་པ་དང་བདག་སྐྱོང་བ་མི་རབས་མང་པོས་རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་སྐྱེས་སུ་ཕུལ་ནས་ས་མཐོའི་མཁའ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས།

    འདི་ནི་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བདེ་སྐྱིད་ཀྱི་ལམ་ཆེན་ཞིག་སྟེ། ལོ་70ཡི་རིང་། ཏང་གི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་འགྲིམ་འགྲུལ་གྱི་མ་ལམ་ཆེན་པོར་བརྟེན་ནས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་འབུངས་ཀྱིས“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་དེ། རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད།

    འདི་ནི་རླབས་ཆེན་སྙིང་སྟོབས་ཞུན་བརྡར་གྱི་མཛད་རྗེས་རྡོ་རིང་ཞིག་སྟེ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རིང་། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་ལམ་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་གཅིག མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་གྲུབ་ནས་དར་སྤེལ་བཏང་ཡོད། “ལམ་གཉིས”ཀྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་རླབས་ཆེན་ཏང་བཙུགས་སྙིང་སྟོབས་ཀྱི་རྒྱུན་འཛིན་ཡིན།

    2014ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་ནང་བསྟན་དོན། དུས་བབ་གསར་པར་“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ།  ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་སུ་འགྱུར་བར་བྱེད་དགོས།

    “ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱས་ནས་ངོ་མཚར་མང་པོ་གཏོད་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ས་མཐོའི་བདེ་སྐྱིད་ལམ་ཆེན་ཇི་ཙམ་བསྲིང་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།

    ས་འཐབ་གནམ་འཐབ་བྱས་ནས་རང་བྱུང་གི་འོབས་ཆེན་དག་ལམ་ཆེན་དུ་བསྒྱུར་པ།

    1954ལོའི་ཟླ་12ཚེས་25ཉིན། བོད་ཀྱི་མི་དམངས་ལ་བཀྲ་ཤིས་པའི་ཉི་མ་ཤར་བ་སྟེ། སྤྱིའི་རིང་ཚད་ལ་སྤྱི་ལེ་4360ཡོད་པའི་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ལྷ་ས་གྲོང་ཁྱེར་བར་དུས་གཅིག་ཏུ་ཤར་གཏོང་ཐུབ་པ་རེད།

    ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འགྲིམ་འགྲུལ་གྱི་རྒྱབ་སྐྱོར་ནུས་ལྡན་ཐུབ་པ་དང་། རིགས་ཁག་གི་ལས་བྱེད་ཤེས་ལྡན་པ་ས་མཐོར་བསྐྱོད་ནས་བྱས་རྗེས་འཇོག་པ། ས་གནས་ཁག་གིས་བོད་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་གྱི་དངོས་ཟོག་རྒྱུན་ཆད་མེད་པར་བསྐྱལ་བ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་བཅས་བྱས་ནས“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལོ་70ཡི་རིང“ལམ་གཉིས”ནི་བོད་ཀྱི་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་པ་དང་ད་བར་བོད་ནས་དབོར་འདྲེན་བྱེད་པའི་དངོས་ཟོག་90%ཡན“ལམ་གཉིས”བརྒྱུད་ཀྱི་ཡོད་པ་རེད།

    1953ལོ་ནས་2023ལོའི་བར་རྒྱལ་ཁབ་ཀྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3250.96བཏང་བ་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བོད་ཀྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་འབོར་གཉིས་འཕར་བྱུང་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།

    2012ལོར་ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུའི་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་དེ་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་སུ་བརྩིས་ནས་དངོས་སུ་ལས་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་བཏང་བ་རེད།

    2015ལོའི་ཟླ་12པར་ཐང་སྨད་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ་རེད།

    དུས་དེ་ནས་བཟུང་རིང་ཚད་སྤྱི་ལེ་14ཟིན་པའི་ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་དེ་ལོ་རྒྱུས་སུ་གྱུར་པ་དང་ཁྲོན་བོད་གཞུང་ལམ་གྱི་ལམ་དུམ་གཙོ་བོ་ཤར་གཏོང་ཐུབ་སྟེ་དེ་སྔའི་ཆུ་ཚོད་2ལྷག་ཙམ་ནས་ད་ལྟའི་སྐར་མ་20བར་ཐུང་དུ་ཕྱིན་ཡོད།

    སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པས“འཛམ་གླིང་ཡང་རྩེའི”མི་འགྲུལ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་མ་ཟད། རང་བྱུང་འོབས་ཆེན་ལམ་ཆེན་དུ་གྱུར་པ་དང་དུས་མཚུངས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    འགྲིམ་འགྲུལ་སྟབས་བདེར་ཕྱིན་ནས་ཕྱོགས་བཞིའི་སྐུ་མགྲོན་བསུས་པ།

    ཟླ་7པར་ཆུ་རིས་ཤིག་ཤིག་གི་ལྷ་སའི་སྐྱིད་ཆུ་སྔོ་ཐིང་ཐིང་གི་ལྗང་པ་དང་པད་ཁའི་མེ་ཏོག་གིས་བརྒྱན་པའི་མལ་གྲོ་གུང་དཀར་རྫོང་བརྒྱུད་ནས་ཤང་ཤང་དུ་རྒྱུག་འོང་བ་དང་དེ་ནི་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་ཞིང་། 2024ལོའི་མལ་གྲོ་གུང་དཀར་གྱི་སྲོང་བཙན་སྒམ་པོའི་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུར་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཡོད་པ་རེད།

    ནང་དོན་ཟབ་པའི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ལས་མལ་གྲོ་གུང་དཀར་གྱི་ཐུན་མིན་ཁྱད་ཆོས་་ལྡན་པའི་ཡུལ་སྐོར་གཟུགས་བརྙན་བཏོད་པས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ས་གནས་དེ་གའི་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། ལྷ་ས་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཡོད་པ་དང་ཁྲོན་བོད་ལམ་ཐིག་ཐོག་གི་རྫོང་ཁོངས་གལ་ཆེན་དེས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།

    སྔོན་ཆད་བོད་ནི་ས་ཐག་རིང་བའི་གངས་ལྗོངས་ས་མཐོ་ཡིན། ད་ཆ་ཁྲོན་བོད་དང་། མཚོ་བོད། ཤིན་བོད། ཡུན་བོད་བཅས“རྒྱལ་ཁབ་ཀྱི་ལམ་ཆེན”བཞི་ལྷ་སར་ཤར་གཏོང་ཐུབ་ཡོད་པ་རེད།

    རྒྱལ་ལམ་318དང་ཐག་ཉེ་བའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ཕྱོགས་བཞིར་སྐད་གྲགས་ཆོད་ཡོད། ལོ་ལྟར་གྱི་ཟླ་བ་གསུམ་པ་དང་བཞི་པའི་ཁམ་བུའི་མེ་ཏོག་གི་དུས་ཚིགས་སུ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་ནས་གང་སར་ཁྲ་ལྷམ་མེར་བཞད་པའི་ཁམ་བུའི་མེ་ཏོག་གི་མཛེས་པ་ཉམས་སུ་མྱོང་གི་ཡོད།

    ཀ་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས“ཕྱུག་པོ་ཆགས་དགོས་ཚེ་སྔོན་ལ་ལམ་བུ་བསྐྲུན་དགོས། ཉེ་བའི་ལོ་ཤས་རིང་རྒྱལ་ལམ་318རྒྱུན་ཆད་མེད་པར་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ལྷག་པར་དུ་ལྷ་ཉིང་མཐོ་རིམ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག ང་ཚོའི་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་རུ་སོང་སྟེ་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ནས་ཁམ་བུའི་མེ་ཏོག་དུས་ཆེན་ལས་དཔལ་འབྱོར་སྔར་བས་དར་རྒྱས་འགྲོ་བཞིན་ཡོད”ཅེས་བཤད།

    ཉི་མ་རྡོ་རྗེས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་ཐོན་ཁུངས་དང་འགྲིམ་འགྲུལ་སྟབས་བདེར་བརྟེན་ནས་ཀ་ལ་གྲོང་ཚོས་2002ལོར་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་པོ་གཉེར་བ་ནས་བཟུང་ད་བར་བསྟུད་མར་སྐབས་21གཉེར་ཡོད། ཡུལ་སྐོར་ཡོང་འབབ་ལོ་ལྟར་འཕར་ནས་2023ལོ་ཁོ་ནར་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གྲངས་གཞི་ལས་མངོན་པར། 2023ལོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5500ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་650ཟིན་པ་དང་ཡུལ་སྐོར་ལ་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡོང་འབབ་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོར་བོད་ཀྱིས་རིག་གནས་ཡུལ་སྐོར་ལུས་གསོ་སོགས་ལ་བརྟེན་ནས་ཁྱད་ལྡན་ལེགས་ཆ་བཏོན་ཏེ་G318དང་། G219 G349སོགས་ལམ་ཐིག་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རྩེར་སོན་མཛེས་ལྗོངས་ཁུལ(ས་ཚིགས)10ཡན་བཏོད་པ་དང་ཁྱད་ལྡན་གྲོང་ཚོ་15སྒྱུར་བཀོད་རིམ་སྤོར་བྱས་པ་རེད།

    འགྲིམ་འགྲུལ་གྱི་མ་ལམ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དེ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་ཕྱུག་ཐོན་ལས་ལ་འགྱུར་བཞིན་ཡོད་པ་རེད།

    གཞུང་ལམ་བསྐྲུན་པས་དངོས་ཟོག་རི་ཁུལ་ནས་སྐྱེལ་འདྲེན་ཐུབ་པ།

    ལོ་ལྟར་གྱི་ཟླ་7པ་ནས་ཟླ་9པའི་བར་ཉིང་ཁྲིའི་བེ་ཤ་ཁྲོམ་རར་གཅིག་སྡུད་ཐོག་འདོན་གྱི་ཡོད།

    བེ་ཤ་སྐྱེ་འཚར་ལ་འཚམ་པའི་ཉིང་ཁྲིའི་ཀོང་པོ་རྒྱ་མདའ་དང་། སྨན་གླིང་། སྤོ་བོ་བཅས་རྫོང་གསུམ་གྱི་མང་ཚོགས་ཚོས་བེ་ཤ་བཏུས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡོད། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པས་ས་གནས་དེ་གའི་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་ཀྱི་ཡོད། བེ་ཤ་སོས་པ་སྐུ་མགྲོན་ཚོའི་གསོལ་ལྕོག་སྟེང་གཤོམ་པ་དང་ས་གནས་དེ་གའི་མང་ཚོགས་ཚོའི་སྦྲག་ཐོག་གི་བསྐུར་མ་བསྐུར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱ་ཆེད། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས་དྲ་ཚིགས་དང་ཟོག་འགྲེམས་ཀྱི་ལེགས་ཆར་བརྟེན་ནས“དྲ་རྒྱའི་སིལ་ཚོང+ལས་སྟེགས་སྡེབ་ཚོང+ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ཕྱིར་ཚོང+སྤྱི་པའི་ཞབས་ཞུ+ཀུན་ཕན་དངུལ་རྩ+ཟོག་འགྲེམས་སྡེབ་སྐྱེལ”བཅས་གཞི་གཅིག་ཏུ་འདུས་པའི་སྦྲག་སྲིད་ཀྱི་གྲོང་གསེབ་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་བཏོད་དེ་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་སྤུས་ཚད་མཐོ་བའི་སྦྲག་བསྐུར་ཞབས་འདེགས་ཞུས་ཏེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།

    “དེ་སྔོན་ལམ་ཡག་པོ་མེད་པས་ངའི་ཕ་ཡུལ་གྱི་ཚགས་ཤ་དང་ལུག་ཤ་གྲོང་ཚོ་ནས་རྫོང་དུ་དབོར་བར་ཉིན་ལྔ་དྲུག་འགོར་བས་རྫོང་དུ་འབྱོར་སྐབས་ཤ་སོས་པོར་སྡོད་ཀྱི་མེད”ཅེས་བཀྲ་ཤིས་དབང་འདུས་ཀྱིས་བཤད།

    བཀྲ་ཤིས་དབང་འདུས་ཀྱི་ཁྱིམ་གཞིས་རྩེ་གྲོང་ཁྱེར་མཚོ་བཞི་ཤང་ནས་ཡིན་པ་དང་། དེ་ནི་ས་བབ་མཐོ་བའི་འབྲོག་ཁུལ་དང་བཞད་མཐོང་སྨོན་རྫོང་གྲོང་དང་བར་ཐག་སྤྱི་ལེ་120ལྷག་ཙམ་ཡོད། དེ་སྔ་ཕྱིར་སྐྱོད་ཐེངས་རེར་ལ་ཀླུང་མང་པོ་བརྒལ་དགོས་པས་ཧ་ཅང་ཁག་པོ་ཡོད།

    ལོ་གསུམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད། 2019ལོར་རྒྱ་ཆེ་ཞིང་ཁོད་སྙོམས་པའི་གཞུང་ལམ་ཞིག་མཚོ་བཞི་ཤང་གཞམ་གྲོང་ཚོར་བསྐྲུན་པས་གྲོང་མི་ཕྱིར་བསྐྱོད་པར་སྟབས་བདེ་བྱུང་བ་མ་ཟད། ཡུལ་དེ་གའི་འབྲོག་ལས་འཕེལ་རྒྱས་ལའང་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    བཀྲ་ཤིས་དབང་འདུས་ཀྱིས“གཞུང་ལམ་ཁྱིམ་གྱི་སྒོ་རྩར་བཏིངས་བས་གྲོང་མི་ཚང་མའི་སེམས་ལ་སྤྲོ་བས་བརྟས། ངའི་ཁྱིམ་གྱིས་ཀྱང་རླངས་འཁོར་ཉོས་པས་ད་ཆ་ཚགས་ཤ་དང་ལུག་ཤ་རྫོང་དུ་དབོར་བར་ཆུ་ཚོད་གཉིས་ལས་འགོར་གྱི་མེད། ཉིན་གཅིག་ནང་ལྷ་སར་ཡང་དབོར་ཐུབ་ཀྱི་འདུག དེ་དག་ཚང་མ་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་པ་ལས་བྱུང་བ་དང་ངའི་ཁྱིམ་གྱི་ཚགས་ཤ་དང་ལུག་ཤ་བྲིན་ཁ་རྒྱུག་པོ་ཡོད་པས་ཡོང་འབབ་ཀྱང་མང་དུ་ཕྱིན་སོང”ཞེས་བཤད།

    2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.3ཟིན་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་95.55%དང་82.6%སོ་སོར་ཟིན་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་91.43%དང་71.55%སོ་སོར་ཟིན་ནས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་ཁྲི་7.5ལྷག་ཙམ་ལས་ཞུགས་ཐུབ་སྟེ་ཡོང་འབབ་སྒོར་དུང་ཕྱུར་21བཏོད་ཡོད་པ་རེད།

    “བོད་དུ་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། དཔལ་འབྱོར་དང་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཡོད། བོད་གསར་པའི་མདུན་ལམ་ཡངས་པ་དང་མི་རིགས་ཁག་གི་མི་དམངས་ཚོས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་བཞིན་ཡོད”ལྷ་ས་སྐྱིད་ཆུའི་ངོགས་སུ་འགྱིང་ངེར་གནས་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་གིས“ལམ་གཉིས”ཤར་གཏོང་ཐུབ་ནས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བྱུང་བའི་དཔང་པོ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།