དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ནང་མཁོ་རྒྱ་སྐྱེད་ལ་སྤྱི་འདོམས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་མ་ཟད། གསར་གཏོད་ལ་བརྟེན་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་ནང་ཐོན་འགུལ་ནུས་འཕེལ་བར་བྱས་ཏེ་ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རང་སོའི་ཁྱད་ཆོས་ལྡན་པ་དང་། སྣ་མང་ཅན། སྤུས་ཚད་ཅན་བཅས་ཀྱི་ཞབས་ཞུའི་འཛད་སྤྱོད་དགོས་མཁོ་སྔར་བས་གང་ལེགས་བསྐང་རྒྱུ་རེད།

    《བསམ་འཆར》ནང་། ཕྱོགས་དྲུག་གི་གཙོ་གནད་ལས་འགན་ཁག་20བཏོན་པ་སྟེ། གཅིག་ནས་བཟའ་བཏུང་ཞག་སྡོད་དང་། ཁྱིམ་ལས་ཞབས་ཞུ། རྒན་གསོ་བུ་བཅོལ་སོགས་རྨང་གཞི་རྣམ་པའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུ་དང་། གཉིས་ནས་རིག་གནས་རོལ་རྩེད་དང་། ཡུལ་སྐོར། ལུས་རྩལ། སློབ་གསོ་དང་གསོ་སྦྱོང་། གནས་སྡོད་ཞབས་ཞུ་སོགས་ལེགས་བཅོས་རྣམ་པའི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ། གསུམ་ནས་གྲངས་འཛིན་དང་། ལྗང་མདོག བདེ་ཐང་སོགས་འཛད་སྤྱོད་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། བཞི་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་འགུལ་ནུས་ཆེ་རུ་གཏོང་རྒྱུ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱ་རྒྱུ། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་རྟགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞབས་ཞུའི་ལས་རིགས་ཚོང་རའི་ཞུགས་འཐུས་ལྷུག་ཏུ་གཏོང་རྒྱུ། གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། ལྔ་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། ཞབས་ཞུའི་འཛད་སྤྱོད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ། ཁ་དན་ཚིག་གནས་དང་ལུགས་མཐུན་གྱི་གཉེར་སྐྱོང་ལ་ཁྲིད་སྟོན་བྱེད་རྒྱུ། ཞབས་ཞུའི་འཛད་སྤྱོད་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། དྲུག་ནས་སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེར་གཏོང་རྒྱུ། ཤེས་ལྡན་པའི་དཔུང་ཁག་གི་འདེགས་སྐྱོར་བརྟན་དུ་གཏོང་རྒྱུ། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གིས་ཞབས་ཞུའི་འཛད་སྤྱོད་སྤུས་འཕར་དམངས་ཕན་བྱ་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་དུས་ཚིགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་སྤེལ་ནས་ཞབས་ཞུའི་འཛད་སྤྱོད་ཆེ་རིགས་མུ་མཐུད་གཏོད་པ་དང་ཞབས་ཞུའི་སྤུས་ཚད་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ་རེད།

    《བསམ་འཆར》ནང་། ས་ཁུལ་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་ཚན་པ་བཅས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།