“རྒྱ་ཆེའི་ཞིང་པར་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང“ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པར་དམིགས་བསལ་གྱི་བརྩེ་སེམས་འཆང་གནང་བ་སྟེ། དེ་ནི“ས་གནས་གང་ཞིག་ཏུ་སླེབས་རིམ་བཞིན་ང་གྲོང་གསེབ་ལ་ལྟ་བར་འགྲོ་གི་ཡོད། གྲོང་གསེབ་ནི་ང་ཚོའི་མི་དམངས་ཀྱི་ཆེས་གཞི་རྩའི་འཚོ་བའི་གནས་ཚུལ་མཚོན་ཡུལ་ཞིག་རེད”དང་། “ང་ཚོ་མི་རབས་འདིར་བརྩེ་སེམས་ཤིག་ཡོད་པ་དེ་ནི་མི་སེར་དང་ལྷག་པར་དུ་ཞིང་པར་རོགས་སྐྱོར་བྱ་རྒྱུ་དེ་རེད”“གལ་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གྲོང་གསེབ་ཀྱི་མི་གྲངས་དུང་ཕྱུར་4ལྷག་ཙམ་རྗེས་སུ་ལུས་ཚེ‘ཕྱོགས་གཅིག་ནི་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་ཕྱོགས་གཞན་ཞིག་ནི་ཉམས་རྒུད་ཀྱི་གྲོང་གསེབ’ཞིག་ཆགས་རྒྱུ་ཡིན་པས་དེ་ནི་རང་རེའི་ཏང་གི་སྲིད་སྐྱོང་དམིགས་ཡུལ་དང་མི་མཐུན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཡང་མཐུན་གྱི་མེད”ཅེས་པ་སོགས་ལས་མཚོན་གྱི་ཡོད།
2023ལོའི་ཟླ་12ཚེས་14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཤིས་ལའེ་པིན་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཧོང་ཨན་སྤུས་ལེགས“གཉིས་མཐོའི”བུར་ཤིང་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་ནས་བུར་ཤིང་འདེབས་མཁན་ཞིང་པ་དང་། ཞིང་འཕྲུལ་གཏོང་མཁན། ཞིང་ལས་ལག་རྩལ་མི་སྣ་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ཡུལ་མི་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་བས་བརྟན་པའི་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ནས་རྒྱ་ཆེའི་ཞིང་པར་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”ཞེས་གསུངས་ཡོད།
ས་སེར་མཐོ་སྒང་གི་ལམ་བུ་འགྲིམས་མྱོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་གཞན་དང་མི་འདྲ་བའི་བསམ་གཞིག་ཟབ་མོ་གནང་མྱོང་ཡོད། “རྒྱ་ཆེའི་ཞིང་པར་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”ཞེས་པ་ལས“ཞིང་གསུམ”ལས་དོན་གྱི་གཞི་རྩའི་དམིགས་ཚད་དང་མི་དམངས་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་པ་མཚོན་གྱི་ཡོད།
ཞིང་པ་ཕྱུག་པོ་ཆགས་པའི་ཐབས་ལམ་འཚོལ་བ་དང་ཁྱད་ལྡན་ཐོན་ལས་ཀྱི་བསམ་ཕྱོགས་འཚོལ་ཆེད། དྲོད་ཁང་དང་། ཞིང་ཁ། འབྲས་ཤིང་། ཞིང་ཁྱིམ་བཅས་སུ་ཕེབས་ནས་རྩིས་ཁྲར་གཟིགས་པ་དང་། ཅི་འཕྲོས་མོལ་འཕྲོས་གནང་བ། ངང་རྒྱུད་རིང་པོས་གསན་པ། བཀའ་འདྲི་ཞིབ་ཕྲ་གནང་ཡོད། སྔ་ཕྱི་བར་གསུམ་གྱི་ཐུགས་ཁུར་ཁྲོད་དམིགས་ཚད་གཏན་འཁེལ་བྱེད་པའི་གཟིགས་རྒྱང་རིང་པོ་ཡོད་ལ་དངོས་སྒྲུབ་གནད་སྨིན་གྱི་བྱ་ཐབས་ཏན་ཏིག་ཀྱང་ཡོད།
ཧོ་ནན་ཀོང་ཧྲན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་པ་སྒྲིག་འཛུགས་བྱས་ནས་ཁྲོམ་རར་ཕྱོགས་ཏེ‘ཀུང་སི་+ཞིང་དུད’ཀྱི་བྱ་ཐབས་ཁྱབ་གདལ་གཏོང་བ་དང་ཁེ་ཕན་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཕྱོགས་ཁག་ལ་ཐུན་མོང་ཐོག་ཕན་པ་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
ཧྲན་ཤིས་ཏ་ཐུང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ལས་བྱེད་པར“ངེས་པར་དུ་ལུག་མིག་མེ་ཏོག་གི་ཐོན་ལས་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་བཏང་སྟེ། ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་ཏུ་གྱུར་པ་དང་མང་ཚོགས་ཀྱི‘ཕྱུག་འགྱུར་མེ་ཏོག’ཏུ་འགྱུར་བར་བྱེད་དགོས”ཞེས་བཀའ་མངགས་གནང་ཡོད།
ཧྲན་ཏུང་ཙའོ་ཀྲོང་དུ་ས་གནས་དེ་གའི་སེ་འབྲུ་ལས་སྣོན་ཞིབ་ཚགས་དང་གཞོང་འདེབས་སེ་འབྲུ་གསོ་སྐྱོང་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་ཞིང་པར་ཡོང་འབབ་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མཁྱེན་རྟོགས་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤུས་རྟགས་ཡག་པོ་བཟོ་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། ཐོན་ལས་འཁོར་སྦྲེལ་སྣུར་བསྲིང་། ཐོན་ལས་ཁྲོམ་རའི་འགྲན་ནུས་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་མི་དེ་བས་མང་བ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས”ཞེས་གསུངས་ཡོད།
གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར“ཞིང་པར་ལས་ཀ་ཡོད་པ་དང་ཁེ་བཟང་ཡོང་བར་བྱེད་དགོས”དང་། “ཞིང་པ་བརྗེད་མི་རུང་བར་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས” “ངེས་པར་དུ་ཞིང་པའི་བྱེད་པོའི་གནས་བབ་མངོན་གསལ་དོད་དུ་བཏང་ནས་ཞིང་པའི་ཁེ་ཕན་ལ་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་ཐོག་མཐའ་བར་གསུམ་དུ་འཇོག་དགོས”
ཞིང་པ་ཕྱུག་པོ་ཆགས་པ་དང་། ཞིང་པའི་ཆུ་ཚད་མཐོར་གཏོང་། ཞིང་པར་རོགས་སྐྱོར་བཅས་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་རེ་རེ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། དངོས་སྒྲུབ་ཀྱི་བྱ་སྤྱོད་རེ་རེ་ལག་ལེན་མགྱོགས་པོ་བསྟར་བ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ལག་ལེན་གནད་སྨིན་བསྟར་ཡོད།
དུས་རབས་གསར་པ་ཚུན། ཁྱད་ལྡན་ལེགས་ཆའི་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདུས་180བསྐྲུན་ཟིན་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་5.6ལས་བརྒལ་ནས་ཞིང་དུད་ཁྲི་2000ལྷག་ཙམ་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད། ཞིང་འབྲེལ་ཞིང་ཁྲིད་དང་ཞིང་དར་ཞིང་ཕྱུག་གིས“ཡུལ་ཟོག་ཐོན་རྫས”རེ་རེ་བཞིན་ཁྲོམ་ར་ཆེན་པོར་བཏོན་པ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས་ཡུལ་མི་ཚོར་ཡོང་འབབ་དངོས་དངོས་རྗེན་རྗེན་འཕར་བར་བྱས་ཡོད།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ན་སྒྱུར་བཅོས་ནི་སྔར་བཞིན་ཐབས་མཆོག་གལ་ཆེན་ཞིག་ཡིན།
ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས། རྒྱ་ཆེའི་ནགས་ལས་ཞིང་པས“གསེར་རི་དངུལ་རི”བསྲུངས་ནས་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་ཚུལ་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་སྒོས་ལག་ལེན་བསྟར་གནང་ཡོད། དེས་ན་རྒྱ་ཆེའི་ནགས་ལས་ཞིང་པ་ཚོར་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དངོས་དང་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
འདི་ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་སྔར་བས་གཏོང་བ་དང་ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
དཀའ་གནད་དང་གནད་དོན་གལ་ཆེན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་སྔར་བས་བཏང་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་ཀྱི་འདུན་པ་མཚོན་པར་བྱས་ཡོད།
མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཐད“འགག་རྩ་ནི་ཏན་ཏན་ཏིག་ཏིག་གིས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་མི་སེར་ལ་ཕན་པ་དངོས་འབྲེལ་ཐོབ་པ་བྱ་རྒྱུ་དེ་ཡིན”པ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཐད“ས་ཞིང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་དང་། གཅིག་སྡུད། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་ཚད་ཁོང་དུ་ཆུད་པར་བྱེད་དགོས་པ་ལས། སྲིད་འཛིན་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་པར་བཙན་ཤེད་ཀྱིས་ས་ཞིང་བརྒྱུད་ཤུག་གཏོང་དུ་འཇུག་མི་རུང་བ” མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད“ངེས་པར་དུ་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་དང་ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ” ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད“ཞིང་དུད་ཆུང་གྲས་ལ་ཞབས་ཞུ་ཡག་པོ་དང་སྐུལ་ཁྲིད་ཡག་པོ་བྱེད་དགོས་པ”ལ་སོགས་རེད།
རྒྱལ་ཡོངས་ནས་བལྟས་ཚེ། མཉམ་སྡེབ་ནགས་ཚལ་གྱི་ནགས་ཚལ་གསོག་འཇོག་བྱེད་ཚད་དེ་ནགས་ཚལ་སྒྱུར་བཅོས་མ་བྱས་གོང་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་39ཙམ་འཕར་ནས་ཁྱིམ་ཚང་ནགས་ར་དང་། ཆེད་ལས་དུད་ཆེན། ནགས་ལས་མཉམ་ལས་ཁང་སོགས་ནགས་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཁྲི་30ཙམ་གསོ་སྐྱོང་བྱས་པ་དང་། ཁྱིམ་ཚང་ཞིང་ར་ཁྲི་400ཙམ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་220ལྷག་ཙམ་གྱིས་ཞིང་པར་སྣེ་ཁྲིད་དང་། ཁྲོམ་རར་སྦྲེལ་མཐུད། འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་པ་ལ་སོགས་གྲོང་གསེབ་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས་གྲོང་གསེབ་ཀྱི་ས་གཞི་ཆེན་པོར་གསོན་ཤུགས་རབ་ཏུ་འཕེལ་བཞིན་ཡོད།
“དོན་དག་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་ལོ་དང་ལོ་བསྟུད་ནས་ལས་ཀ་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ལས་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་བརྟན་དུ་ཕྱིན་ཡོད། ཕ་མཐའ་ཡས་པའི་གྲོང་གསེབ་ཏུ་ཞིང་པ་དུང་ཕྱུར་མང་པོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་རུ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་བྱུང་ཡོད།