མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྲུང་སྐྱོང་བྱས་པ།
—— ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་གྱི་འགན་ནུས་བསྒྲུབས་པ།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཚོལ་ཞིབ་དང་འཛུགས་རྒྱུའི་སྐོར་བཏོན་པ་ནས་བཟུང་ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་དམིགས་པ། ཁྲིམས་ལྟར་རང་འགུལ་ངང་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་འགན་འཁྲི་ལག་བསྟར་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མཐོ་རུ་ཏན་ཏིག་བཏང་ཡོད།
ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གྱོད་སྒྲུབ་ཀྱི་སྤུས་ཕན་མངོན་གསལ་དོད་དུ་བཏང་བ།
2023ལོ་ཚུན་དུ། ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱོད་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཁྱགས་རོམ་དང་། གཙང་པོ། མཚེའུ། ནགས་ཚལ་རྩྭ་ཐང་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་སོགས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཆུ་དཔོན་དང་མཚོ་དཔོན(ནགས་དཔོན)+ཅན་ཁྲ་ཀྲང+ཉེན་རྟོག་དཔོན”གྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆེད་དོན་བྱེད་སྒོ་ལག་བསྟར་ཧུར་ཐག་བྱས་པ། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་401གྲལ་བཤེར་དང་། གྱོད་དོན་272ཐོ་འགོད། གྱོད་གཞི་39གྲོས་བསྡུར་བཅས་བྱས་ནས་གྱོད་ཐག་བཅད་དེ། ཞིབ་དཔྱོད་གྲོས་འགོ་46བཏོན་པ་རེད།
ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་འདམ་ར་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་འདམ་ར་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་གྱོད་གཞི་རྩད་གཅོད་ཧུར་ཐག་བྱས་ཏེ་གྱོད་གཞིའི་ཁུངས་སྣེ་3གྲལ་བཤེར་བྱས་པ་དང་ལྟ་སྐུལ་བྱས་ནས་བཙོག་ཆུ་འབུད་སྒོ་1བཀག་པ་དང་བཙོག་ཆུ་ལུད་པའི་གནད་དོན་1ཐག་གཅོད་བྱས་པ་དང་། ཆུ་བོ་དང་། གཙང་པོ། མཚེའུ། ཆུ་མཛོད་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱིད་ཆུ་གཙོ་བོར་བྱེད་པ་དང་ཆུ་ལག་ཁག་གཙོ་གནད་དུ་བཟུང་ནས་ཆུ་ལམ་གྱི་ཟོག་རོའི་སྦགས་བཙོག་དང་ཆུ་ལམ་བཟུང་སྤྱོད་སོགས་ཀྱི་གནད་དོན་ལ་ལྟ་སྐུལ་བྱས་ཏེ་སྐྱིད་ཆུ་དང་དེའི་ཆུ་ལག་ཆུ་ལམ་གྱི་ཟོག་རོའི་སྦགས་བཙོག་དང་ཆུ་ལམ་བཟུང་སྤྱོད་སོགས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁུངས་སྣེ་48གྲལ་བཤེར་བྱས་པ། ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་བརྒྱུད་ཆུ་ལམ་གྱི་གད་སྙིགས་ཏུན་47གཙང་སེལ་བྱས་པ་དང་། ཆུ་ལམ་སྤྱི་ལེ་60ལྷག་ཙམ་དང་ཆུ་ཁོངས་རྒྱ་ཁྱོན་མུའུ་40ལྷག་ཙམ་གཙང་སེལ་བྱས་པ། ཆུ་ལམ་རྒྱུད་ཀྱི་གསང་སྤྱོད་1བཤིག་པ། བཙོག་ཆུའི་འབུད་སྒོ་3བཀག་པ། བྱེ་རྡོ་ར་བའི་ཤུལ་3གཙང་མ་བཟོས་པ། ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྱོན་ཆུ་ཁུངས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་3གྲལ་བཤེར་བྱས་པ་དང་། ལྟ་སྐུལ་བྱས་ནས་ར་སྐོར་7ཚད་ལྡན་དུ་བཏང་བ། ཡོངས་བསྒྲགས་བྱང་བུ་4ཉམས་གསོ་བྱས་པ། ས་འོག་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་འོག་ཆུའི་ཐོན་ཁུངས་ཀྱི་ཁུངས་སྣེ་2གྲལ་བཤེར་བྱས་པ་དང་། ལྟ་སྐུལ་བྱས་ནས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་དག་ཐེར་བྱེད་དགོས་པའི་བཀའ་གཏོང་བ་དང་འབྲེལ་སྲིད་འཛིན་ཆད་པའང་གཅོད་དགོས་པའི་སྐུལ་འདེད་བཏང་བ་རེད།
མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འགུལ་ལམ་སྲོལ་བཙུགས་པ།
ཉེ་བའི་ལོ་ཤས་རིང་། ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚན་པ་ཁག་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་གཞོགས་འདེགས་ཀྱི་ལམ་སྲོལ་བཟང་པོ་བཙུགས་ཡོད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས《ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ཁྲོད་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བསམ་འཆར》ལ་མིང་རྟགས་བཀོད་པ་དང་། སྐྱིད་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང《སྐྱིད་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ》ལ་མིང་རྟགས་བཀོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་ལམ་སྲོལ་ལ་བརྟེན་ནས་ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུངས་སྣེ་10ལྷག་ཙམ་རྩིས་སྤྲད་པ་དང་། དམིགས་བསལ་གདན་ཞུའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལམ་ལུགས་བཙུགས་པ། གྱོད་གཞི་10ལྷག་ཙམ་གཞོགས་འདེགས་བྱས་ནས་བསྒྲུབས་པ། གྲོས་མོལ་དང་ཞིབ་བསྡུར་ཐེངས་5བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི“ཆུ་དཔོན་དང་། མཚོ་དཔོན། (ནགས་དཔོན)+ཅན་ཁྲ་ཀྲང+ཉེན་རྟོག་དཔོན”མཉམ་ལས་ལམ་སྲོལ་ལེགས་སྒྲུབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པའི་བྱ་སྤྱོད་ལ་གཞོགས་འདེགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་313བདག་སྤྲོད་བྱས་པ་དང་གྱོད་དོན་207ཐོ་འགོད་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།
དཀའ་གནད་ལ་དམིགས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།
ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་འཚོལ་དཀའ་བ་དང་ཕན་འབྲས་རྗེས་སྙེག་དཀའ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”བཅའ་ཁྲིམས་གྲོང་ཚོར་ཁྱད་གདལ་གཏོང་བ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། བོད་རྒྱ་ཤན་སྦྱར་གྱི་སྤྱི་ཕན་གཏུག་བཤེར་དྲིལ་བསྒྲགས་ལག་དེབ་1900ལྷག་ཙམ་སྤྲད་པ། ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་དྲིལ་བསྒྲགས་ལག་དེབ་བཟོ་བ་དང་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་པར་གཞི་པར་ལེན་བྱས་ཡོད།