རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
ལྗོངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། གེགས་སེལ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་དུས་བབ་བརྟན་པོ་ཡོང་བར་འགན་ལེན་བྱས་པ།
འབྲུབ་ཆུ་རྒྱས་པ་ནས་བཟུང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཁག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་རྒྱུར་ཕྱོགས་ནས་ཤུགས་སྣོན་རྒྱག་པ། འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། གེགས་སེལ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་འབྲུབ་འགོག་ཐན་འགོག་ཁྲུའི་ལས་བྱེད་པ་ལི་ཀྲེན་གྱིས“མིག་སྔར་ལྗོངས་ཡོངས་སུ་ཆུ་ལོག་དང་རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་ཐེངས་209ལྷག་ཙམ་ཐོན་ཡོད། ང་ཚོས་གནས་སྤོ་བཀོད་སྒྲིག་དང་། འགྲོ་ལམ་མྱུར་སྐྲུན། མྱུར་སྐྱོབ་རོགས་སྐྱོབ། འཁྱིལ་ཆུ་གཤོང་འབུད་སོགས་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ་བྱས་པ་ཡིན། མིག་སྔར་མང་ཚོགས་མི་ཐེངས་1187གནས་སྤོས་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད”ཅེས་བཤད་པ་རེད།
མིག་སྔར་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་འབྲུབ་འགོག་དང་། ཆུ་ལོག་སྔོན་འགོག གེགས་སེལ་བཅས་ཀྱི་རྩ་བ་ལ་དམ་པོར་དམིགས་ནས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། འཕྲལ་སྡོམ་གྱི་གོ་རིམ་དང་ལེན། འཕྲིན་གཏོང་མ་ལག་ལ་འདེགས་སྐྱོར། ཕྱོགས་བསྡུས་འགན་ལེན་ནུས་པ། དུས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་ལེན་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད་པ་རེད།
རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་ལས་བྱེད་པ་ཀྲའོ་ཡུས་ཀྱིས“གོམ་སྟབས་རྗེས་མར། ང་ཚོས་བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ལྟ་འདོམས་ནུས་པ་མུ་མཐུད་བཏོན་ཏེ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྐྲུན་བཞིན་པའི་ལས་གྲྭ གཏེར་སྙིགས་གསོག་མཛོད་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་མངོན་གསལ་དོད་དུ་བཏང་ཁར། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འབྲུབ་འགོག་བྱ་ཐབས་དོན་འཁྱོལ་གྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པར་བཟོ་བ། ཐོལ་བྱུང་གི་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ལས་མི་སྣ་ཤི་རྨས་མ་ཡོང་ནན་འགོག་བཅས་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྣ་ཚོགས་རྒྱུན་གཏན་ལྟར་སྤེལ་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།