ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་དང་པོ་འགོ་ཚུགས་པ།
ཚེས་4ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་དང་པོ་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་31ནས་ཡོང་བའི་ཁེ་ལས་246དང་ཕྱི་རྒྱལ་གྱི་ཚོང་པ་600ལྷག་ཙམ་བོད་ལྗོངས་ལྷ་སར་འཛོམས་ཡོད། དེ་ནི་ལོ་བཅུ་གྲངས་ནང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ཞིག་ཡིན་པ་དང་། དེས་ལྷ་སས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་གཏོད་པ་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
སྐབས་འདིའི་འགྲེམས་ཚོགས་ནི་ལྷ་སས“ནང་འདྲེན”བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ཞིག་ཡིན་ཞིང་། དེ་ནི་ཚོང་ཟོག་འགྲེམས་ཚོང་དང་ཚོང་དོན་གྲོས་མོལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད་ལ། སྤེལ་རེས་མཉམ་ལས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལས་སྟེགས་ཤིག་དེ་བས་ཀྱང་རེད།
འགྲེམས་ཁང་ནང་ནེ་པ་ལ་དང་། སེར་པི་ཡ། མ་ལེ་ཞི་ཡ། ཐེ་ལན། སོག་པོ་བཅས་ཀྱི་བརྗོད་དོན་ཁང་5དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུ་དང་ལྷ་སའི་ཐོན་རྫས་ཡག་པོའི་ཆེད་དོན་འགྲེམས་ཁུལ་བཙུགས་ཡོད་པ་དང་དེ་བཞིན་རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་279བཀོད་སྒྲིག་བྱས་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་8000ཟིན་པ། འགྲེམས་ཚོང་གི་ཐོན་རྫས་སུ་ལག་ཤེས་ཐོན་རྫས་དང་། འཛད་རྫས། ཁྱིམ་ཆས་དང་རིག་གནས་བསམ་བཀོད། རིག་ནུས་གྱོན་ཆས་སོགས་སྣ་ཁ་1000ལྷག་ཙམ་ཚུད་ཡོད་པ་རེད། འགྲེམས་ཚོགས་གཉེར་རིང་ད་དུང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་། རྒྱལ་སྒྲོལ་གྱི་དྲ་ཐོག་ཚོང་དོན་སྤེལ་རེས་ཚོགས་འདུ། རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་མང་པོ་ཞིག་སྤེལ་རྒྱུ་ཡིན་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག ལྷ་ས་གྲོང་ཁྱེར་མ་དངུལ་སྐུལ་སྤེལ་ཅུས་ཀྱིས་ལྷ་སའི་ཚོང་འགུགས་མ་འདྲེན་གྱི་ཕྱོགས་6ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་35འོས་སྦྱོར་ངོ་སྤྲོད་བྱས་པ་དང་། ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཁེ་ལས་མཁས་ཅན་དང་འབྲེལ་མཐུད་གཏིང་ཟབ་དང་མཉམ་སྒུལ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་འཇོག་མཁན་ཚོང་པ་སྔར་ལས་མང་བ་ལྷ་སར་ལས་དར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ནས“བོད་དུ་མ་རྩ་འཇོག་པར་ལྷ་ས་ནི་གདམ་ག་དང་པོ་ཡིན་པའི”སྤུས་རྟགས་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད་པ་རེད།
འགྲེམས་ཚོགས་ཀྱི་ས་ཡུལ་དངོས་སུ་ལྗོངས་ཕྱི་ནང་གི་གྲོང་མི་དང་ཡུལ་སྐོར་བས་འགྲེམས་གནས་མདུན་དུ་ཚོང་ཟོག་ལ་ཡང་ཡང་བལྟ་བ་དང་། ས་གནས་ས་ཐོག་གི་སྐད་སྒྱུར་བ་བརྒྱུད་ཕྱི་རྒྱལ་ཚོང་པ་དང་སྤེལ་རེས་བྱས་ཏེ་ཕྱི་རྒྱལ་གྱི་ཐོན་རྫས་སྣ་ཚོགས་ཉོ་སྒྲུབ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་བསྟན་འཛིན་པད་སྒྲོལ་གྱིས“ངས་འདི་ནས་ཨུ་རུ་སུའི་ཨ་ལད་པད་ཀོག་དང་། ནེ་པ་ལའི་ལག་ཤེས་ཐོན་རྫས། ཐེ་ལན་གྱི་སྨན་རྩྭའི་བྱུག་སྨན། སོག་པོའི་ཁུ་ལུའི་བཟོས་རྫས། ཀང་ཨའོ་ཐའེ་ས་ཁུལ་གྱི་ཏན་ཞིམ་སྣ་ཚོགས་ཉོས་པ་ཡིན། ཁྱིམ་གྱི་སྒོ་རྩ་ནས་ཕྱི་རྒྱལ་གྱི་ཐོན་རྫས་ཉོ་ཐུབ་པ་དང་ས་གནས་ས་ཐོག་ནས་ཕྱི་རྒྱལ་གྱི་ཉམས་འགྱུར་དང་སྣ་མང་གི་རིག་གནས་ཉམས་ལེན་ཐུབ་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད།