དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་དངོས་ཤུལ་བཞག་ལྡུམ་རའི་ནང་། བོད་རུམ་ཐོན་ལས་བཀྲག་མདངས་འཚེར་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-03

    ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ཨ་ཅག་ཚོས་རུམ་འཐག་བཞིན་པ།

    བསླས་འཐག་འཁོར་ཁང་གི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་ཁ་གདན་འཐག་བཞིན་པ།

    ཕུར་བུ་དོན་གྲུབ་ཀྱིས་ཁ་གདན་གྱི་རི་མོའི་དེབ་ལ་ལྟ་བཞིན་པ།

    ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལས་མིས་རུམ་འཐག་བཞིན་པ།

    འདི་ནི་ལྷ་ས་ཁ་བ་ཅན་ལག་ཤེས་བོད་རུམ་ཀུང་སིའི་བཟོ་པས་བོད་རུམ་འཐག་བཞིན་པ།

    གླེང་གཞི།

    བོད་རུམ་ནི་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་སྤྱོད་གོ་ཆེ་བའི་མཁོ་ཆས་ཤིག་རེད། བོད་ཀྱི་འཁེལ་འཐག་ལག་རྩལ་གྱི་ལོ་རྒྱུས་ཧ་ཅང་རིང་མོའི་ནང་བོད་རུམ་དང་པང་གདན་ནི་མིང་གྲགས་ཆེ་ཤོས་རེད། བོད་རུམ་གྱི་རྒྱུ་ཆ་ནི་འབྲི་གཡག་གི་རྩིད་པ་དང་། ཁུ་ལུ། བལ་བཅས་ལ་ཚོས་བརྒྱབ་ནས་བཏགས་པ་ཞིག་ཡིན་པས། དྲོད་ཆེ་ལ་བཞའ་ཚན་འགོག་ཐུབ་པ་དང་སྤྱོད་ཤེད་ཆེ་བ་མ་ཟད། རི་མོ་མཛེས་ལ་ཚོས་གཞི་བཀྲག་མདངས་ཆེ་བས། སྤྱོད་གོ་ཆེ་ལ་མཛེས་ཆོས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་བཟོ་རྩལ་ཐོན་ཟོག་ཅིག་ཡིན་པ་དེ་བོད་རིགས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་པ་དང་ད་ཆ་སྙན་པ་འཛམ་གླིང་ལ་གྲགས་པའི་ཡུལ་སྐོར་ཐོན་ཟོག་ཅིག་ཀྱང་རེད།

    བོད་རུམ་གྱི་འབྱུང་ཁུངས།

    བོད་ལྗོངས་ས་མཐོར་འཚོ་བའི་དཀར་ནག་ཕྱུགས་རིགས་ཀྱི་བལ་སྤུའི་རྒྱུ་ཆ་མཁྲེགས་ལ། ཚི་དམ་པ་དང་ལྡེམ་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཁ་གདན་འཐག་པའི་རྒྱུ་ཆ་རྩེ་གྲ་ཞིག་ཡིན་པ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་ཁ་གདན་འཐག་མཁན་མང་པོ་ཡོད་པའི་ནང་རྒྱལ་རྩེའི་ཁ་གདན་ནི་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་དང་། རྒྱལ་རྩེའི་རུམ་དང་། ཐུར་ཁེའི་རུམ། ཏ་ཟིག་གི་རུམ་བཅས་ལ་འཛམ་གླིང་གི་གྲགས་ཅན་རུམ་གྱི་མཚན་སྙན་ཐོབ་ཡོད་པ་རེད།

    དང་ཐོག་རྒྱལ་རྩེའི་འཐག་མཁན་ཚོས་སླེའུ་འཐག་སྟངས་ཀྱི་རྨང་གཞིའི་ཐོག་སླེའུ་ལས་སྤུས་ཀ་དག་པའི་ཐོན་རྫས་གསར་པ་ཞིག་བཏགས་པས། མིང་གྲགས་ཆེན་པོ་ཡོད་པ་དང་དུས་རབས་11པའི་ནང་མྱང་ཆུ་གཙང་པོའི་དབུས་རྒྱུད་ཀྱི་པ་སྣམ་ཁུལ་དུ་དབང་ལྡན་གྲུམ་ཙེ་ཞེས་པ་ཞིག་ཐོན་པ་དེར་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དུས་དེ་ཙམ་ནས་བཟུང་རྒྱལ་རྩེར་ཁ་གདན་འཐག་མཁན་ཇེ་མང་དུ་སོང་བ་དང་ས་སྐྱའི་སྲིད་དབང་གི་དུས་ནས་རྒྱལ་རྩེའི་ཁ་གདན་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་སླེབས་སྐབས་རྒྱལ་རྩེའི་གྲོང་མི་ཕྱེད་ཀ་ཙམ་གྱིས་ཁ་གདན་འཐག་པའི་ལག་རྩལ་ཤེས་པས། ཐོན་སྐྱེད་ཀྱི་གཞི་ཁྱོན་ངེས་ཅན་ཞིག་ཆགས་ཏེ་རྒྱལ་རྩེ་གྲོང་རྡལ་ཁོ་ནར་ཁ་གདན་འཐག་མཁན་སྟོང་ཕྲག་ཁ་ཤས་ཡོད་པར་གྲགས། རྒྱལ་རྩེའི་ཁ་གདན་དེ་ཐོག་མར་རི་མོ་མེད་ལ། ཚོན་མདོག་ཀྱང་འཛོམས་པོ་མེད་རུང་། ཕྱིས་སུ་ཐང་ག་དང་། ལྡེབས་རིས། དེ་བཞིན་གོས་ཆེན་ཐོག་གི་ཚོན་མདོག་དང་རི་མོར་དཔེ་བལྟས་པའི་ཐོག་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་མང་པོ་ཇུས་འགོད་བྱས་པ་དང་འཐག་རྩལ་ཡང་ཇེ་ལེགས་སུ་ཕྱིན་པས། རྒྱལ་རྩེ་དེ་ཉིད་བོད་ཀྱི་ཁ་གདན་ཐོན་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ད་དུང་ལོ་རྒྱུས་ཐོག་རྒྱལ་རྩེར་གྲུ་བཞི་དང་རྡོ་བཞི་སྐུ་དྲག་གཉིས་ཀྱིས་བཙུགས་པའི་ཁ་གདན་འཐག་ཁང་གིས་ཁྱིམ་གྱི་མིང་དེ་ཁ་གདན་དང་འབྲེལ་ནས་གྲུ་བཞིའི་གྲུམ་ཙེ་དང་རྡོ་བཞིའི་གྲུམ་ཙེ་གཉིས་ཐོན་ཡོད་པ་རེད།

    རྒྱལ་རྩེ་ནི་ལོ་རྒྱུས་ཐོག་ཁ་གདན་གྱི་ཕ་ཡུལ་ལྟ་བུ་ཡིན་སྟབས། བོད་ས་གནས་སྲིད་གཞུང་གིས་ལག་རྩལ་དེར་ཧ་ཅང་མཐོང་ཆེན་བྱས་ནས་རྒྱལ་རྩེར་ཁ་གདན་འཐག་སའི་འཁོར་ཁང་ཆེད་མངགས་བཙུགས་པ་དང་ད་དུང་ཁ་གདན་ལས་རིགས་ཀྱི་ཚོགས་པ་སྟེ། སྐྱིད་ཚོགས་པ་ཞེས་པ་བཙུགས་ནས་རིམ་པ་ལྔ་པའི་དཔོན་རིགས་ཤིག་རྒྱལ་རྩེའི་ཁ་གདན་ལས་རིགས་ཀྱི་ཐོན་སྐྱེད་ལ་དོ་དམ་བྱེད་པར་གཏོང་གི་ཡོད། སྐབས་དེ་དུས་ནས་བཏགས་པའི་ཐོན་རྫས་དག་བོད་ཁུལ་ཙམ་མ་ཟད། རྒྱ་གར་དང་། འབྲུག་ཡུལ། ནེ་པ་ལ། འབྲས་ལྗོངས་སོགས་མཐའ་འཁོར་རྒྱལ་ཁབ་ཏུའང་ཕྱིར་ཚོང་བྱེད་ཀྱི་ཡོད། ད་དུང་མིང་གོའི་དུས་སུ་དབྱིན་ཇིའི་ཚོང་པས་རྒྱལ་རྩེའི་ཁ་གདན་ལ་ཚོང་ལས་ཀྱི་རིན་ཐང་ཆེན་པོ་ཡོད་པ་ཤེས་ནས་ཡུལ་དེ་གར་བཟོ་གྲྭ་ཆུང་ངུ་ཞིག་དང་སློབ་གྲྭ་ཞིག་བཙུགས་ནས་བོད་རུམ་གྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་ཀྱིས་ཡོ་རོབ་ཏུ་ཡང་འདྲེན་ཚོང་བྱས་པ་རེད།

    རྒྱལ་རྩེའི་ཁ་གདན་གྱིས་ལོ་ངོ་བརྒྱ་ཕྲག་གོང་གི་བོད་ཀྱི་འཐག་ལས་སྒྱུ་རྩལ་གྱི་ལོ་རྒྱུས་མཚོན་ཞིང་། དེའི་རི་མོ་དང་བཟོ་རྩལ། ཚོས་མདངས། ཇེམ་ཙེ་རྒྱག་སྟངས་སོགས་ཚང་མའི་ཐད་དམིགས་བསལ་གྱི་ལག་རྩལ་ཁྱད་ཆོས་ལྡན་པའི་ཁར། རྒྱལ་རྩེའི་ཁ་གདན་གྱི་བཟོ་རྩལ་སྤུས་དག་ལ། ཚོས་ཁ་དྭངས་བ། ངོས་འཇམ་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་རྒྱལ་རྩེའི་ཁ་གདན་དེ་ད་ཆ་བོད་ཀྱི་རྩ་ཆེའི་ཡུལ་སྐོར་ཐོན་ཟོག་ཅིག་ཏུ་གྱུར་ཡོད་པ་མ་ཟད། 1997ལོར་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་ཟོག་གི་འགྲན་བསྡུར་ཆེ་མོའི་ནང་ཐོན་ཟོག་རྩེར་སོན་གྱི་བྱ་དགའ་ཐོབ་པ་དང་། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ། 2011ལོར་ཁ་གདན་བཟོ་གྲྭ་དེ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞིར་བདམས་པ་སོགས་ཀྱི་མཚན་སྙན་རབ་དང་རིམ་པ་ཐོབ་ཡོད་པ་དེ་ནི་རྒྱལ་རྩེའི་ཁ་གདན་བཟོ་གྲྭས་དམིགས་བསལ་ཐོན་ཟོག་དེའི་ལེགས་ཆ་སྲུང་འཛིན་གང་ལེགས་བྱེད་ཆེད། སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོར་བསྟུན་ནས་གསར་གཏོད་རང་བཞིན་གྱི་ཐོན་སྐྱེད་བྱ་ཐབས་སྤྱད་པས། སྒྱུ་རྩལ་གྱི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་ཚང་མའི་ཐད་འཕེལ་རྒྱས་དང་ཚད་བརྒལ་གསར་པ་བྱུང་ཡོད། དེ་ནི་ལོ་རྒྱུས་རིང་བའི་རྒྱལ་རྩེའི་ཁ་གདན་གྱི་མིང་གྲགས་དེ་མི་ལོ་བརྒྱ་ཕྲག་རིང་མི་ཉམས་པར་གནས་པའི་བླ་སྲོག་གནས་ས་དེ་ཡིན་པ་སྨོས་ཅི་དགོས།

    ལོ་རྒྱུས་རིང་བའི་བོད་རུམ།

    གནའ་རྫས་རྟོག་ཞིབ་པས་ར་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་འཁེལ་འཐག་ལག་རྩལ་གྱི་ལོ་རྒྱུས་ལོ་ངོ་བཞི་སྟོང་གོང་གི་ཆབ་མདོའི་ཁ་རུབ་གནའ་ཤུལ་གྱི་རྡོ་ཆས་གསར་མའི་བར་ཁུངས་འདེད་ཆོག་ཅིང་། ཁ་རུབ་གནའ་ཤུལ་ནས་རུས་པ་སྙུང་དབྱིབས་ཅན་208དང་རུས་ཁབ་31ཐོན་པ་དེ་དག་གི་རྩེ་མོ་ཧ་ཅང་རྣོན་པོ་ཡོད་པ་དེ་ཐོག་ནས་སྐབས་དེ་དུས་ནས་རང་རེའི་མེས་པོ་ཚོས་གཅན་གཟན་གྱི་པགས་པའམ་ཡང་ན་འཁེལ་འཐག་གི་གྱོན་གོས་སྤྱོད་ཀྱི་ཡོད་པ་མཚོན་ཐུབ། ད་དུང་ས་འོག་ནས་ཐོན་པའི་ཐགས་ཁྲི་དང་འཕང་སོགས་དབྱིབས་ཀྱི་དངོས་པོ་ལས་བོད་ལྗོངས་ས་མཐོའི་མི་རྣམས་ཀྱིས་ལོ་ངོ་བཞི་སྟོང་ལྔ་སྟོང་གི་གོང་ནས་བལ་འཁེལ་འཐག་བྱེད་ཀྱི་ཡོད་པ་མཚོན་ཐུབ། དེ་དང་འདྲ་བར་དུས་རབས་20པའི་དུས་དཀྱིལ་དུ་མཚོ་སྔོན་ཏུའུ་ལན་རྫོང་ནོ་མུ་ཧུང་གནའ་བོའི་བང་སོའི་ཚོགས་སྔོག་སྐབས་ས་འོག་ནས་རྩིད་པ་དང་ཁུ་ལུས་བཏགས་པའི་ཚོས་ལྡན་གྱི་གདན་དང་། རྩིད་སྐུད། བལ་སྐུད་བཅས་ཐོན་པ་དེ་དག་གི་ཚོས་གཞི་གཙོ་བོ་སེར་པོ་དང་ཁམ་མདོག་ཡིན་པ་དེ་དག་རྒྱུ་ཆའི་ཁ་དོག་དང་ཚོས་འགྱུར་གྱི་ཁ་དོག་ཟུང་འབྲེལ་ལེགས་པོ་བྱས་ཡོད་ལ། ད་དུང་ཚོས་གཞི་ནག་པོ་དང་། དམར་པོ། སྔོན་པོ་ཉུང་ཤས་ཀྱང་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོས་གཅིག་གྱུར་གྱི་དཔྱད་སྡོམ་བཞག་ནས་དངོས་པོ་དེ་དག་ཡུལ་བལ་ལས་བཏགས་པ་ར་སྤྲོད་བྱས་པ་རེད། ད་དུང་དཔང་རྟགས་གཞན་ཞིག་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ཝ་རོང་གྲོག་ཤུར་གྱི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་བང་སོ་ནས་ཐོན་པའི་བསླས་བཏགས་དངོས་པོ་དང་བུད་མེད་ཀྱི་ཕུང་པོ་ཞིག་གི་རྐང་པར་གཡོག་པའི་ཟར་རས་ལས་བཏགས་པའི་རྐང་ཤུབས་དམར་སྨུག་དང་ཚོན་མདོག་ནག་པོ་དང་། དམར་པོ། དཀར་པོ་བཅས་ལས་བསླས་པའི་ཐག་པའི་ཆད་དུམ་ལས་སྐབས་དེ་དུས་ནས་བལ་གྱི་བསླས་བཏགས་ཐོན་རྫས་འཚོ་བའི་ཁྲོད་བེད་སྤྱོད་བྱེད་པ་མ་ཟད། དུར་རྫས་སུའང་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད་པ་ཤེས་ཐུབ།

    ལོ་རྒྱུས་རིང་བའི་རུམ་འཐག་བཟོ་གྲྭ

    ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འཐག་ཁང་དུ་སྐྱོད་སྐབས། ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་སྤུན་དོག་གྲུ་གུ་རེ་རེ་འཐག་རྩལ་བྱང་ཆུབ་པའི་ལག་གཉིས་ལ་བརྟེན་ནས་མིག་ལ་མཛེས་པའི་བོད་རུམ་དུ་གྱུར། འདི་གར་ཨ་ཅག་ཚོས་ལོ་30ཡི་རིང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་བོད་བཟོའི་བསླས་འཐག་ལག་རྩལ་ལ་བརྟེན་ནས་བོད་རུམ་འཐག་བཞིན་འདུག འཐག་མཁན་མས་བོད་རུམ་གཅིག་འཐག་པར་ཉིན་ཉི་ཤུ་ནས་ཟླ་བ་གཉིས་ཡན་བར་འགོར་གྱི་ཡོད། དེ་གའི་བོད་རུམ་ཚང་མར་འཐག་མཁན་མའི་ལག་རྩལ་གྱི་བློ་གྲོས་འདུས་ཡོད་ལ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱང་བྱས་ཡོད།

    བོད་རུམ་ནི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོན་རྫས་ཤིག་རེད་ལ། རིག་གནས་ཀྱི་རྒྱུན་འཛིན་དང་ལོ་ཟླའི་ལག་རྟགས་ཤིག་དེ་བས་ཀྱང་རེད། ལོ་སུམ་ཅུའི་རིང་། བོད་རུམ་གྱི་གནའ་བོའི་གཏམ་རྒྱུད་སྙན་མོ་སྔར་བཞིན་གྲགས་བཞིན་ཡོད། ཁ་བ་ཅན་རུམ་འཐག་བཟོ་གྲྭ་1994ལོའི་ཟླ་6ཚེས་1ཉིན་བཙུགས་པ་དང་། ད་བར་ལོ་སུམ་ཅུ་འགྲོ་གི་ཡོད། ལོ་ཟླའི་རྗེས་ཤུལ་གསལ་པོར་མངོན་པའི་ཤིང་གི་སྒོ་བྱང་ལས་སྒོ་རའི་འདས་སོང་གི་ལོ་རྒྱུས་མཚོན་ཡོད། སྒོ་རའི་ནང་འབྱོར་དུས་ཐོག་སོ་གཉིས་ལྡན་གྱི་གྲོང་མིའི་ཤག་སྐོར་སྒོ་ར་གྲུ་བཞིའི་དབུས་སུ་བཏགས་མ་ཐག་པའི་ཁ་གདན་ཁ་ཤས་སྐམ་འདུག ཁམ་བུའི་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བའི་སྒོ་ར་འདི་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭ་ཡིན་ལ། རུམ་འཐག་བཟོ་གྲྭའི་ལས་མི་ཚང་མའི་སྡོད་གནས་ཀྱང་རེད།

    ཁྲ་སིལ་དང་ཕན་ཐོགས་བཟའ་ཟླ་གཉིས་བཟོ་གྲྭ་བཙུགས་པའི་ལོ་དེར་རུམ་འཐག་བཟོ་གྲྭའི་བཟོ་པར་གྱུར་པ་མ་ཟད། སྒོ་ར་དེའི་ནང་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། ཁོང་གཉིས་ཀྱི་ཕྲུ་གུ་བྱང་ཤར་དུ་སློབ་ཆེན་འགྲིམ་བཞིན་ཡོད། “ང་རང་ལོ་ན་གཞོན་པའི་སྐབས་སུ་དེ་གར་ལས་ཀ་བྱེད་པ་དང་། ཕྲུ་གུ་ཡང་དེ་གར་སྐྱེས་པ་རེད། ད་བར་ང་ཚོ་ནང་མི་ཚང་མ་དེ་གར་སྡོད་ཀྱི་ཡོད”ཅེས་ཁྲ་སིལ་གྱིས་སེམས་འགུལ་ཆེན་པོས་བཤད། སྒོ་རའི་ནང་གི་མི་ཚང་མ་ལས་རོགས་ཡིན་ལ་ཁྱིམ་མཚེས་ཀྱང་ཡིན་པས། ཧ་ཅང་འཆམ་པོ་ཡོད།

    ལོ་བཅུ་གྲངས་ཉིན་གཅིག་ལྟར་འཐག་མཁན་ཚོས་བཏགས་པའི་བོད་རུམ་རེ་རེའི་རྒྱབ་ཏུ་ཁོང་ཚོའི་དཀའ་ལས་ཀྱི་རྔུལ་ཆུ་འདུས་ཡོད། 2024ལོའི་ལོ་འགོར་བོད་ཀྱི་རིག་གནས་སྒྱུ་རྩལ་སྤུས་རྟགས“ཐི་ཧུའུ”ཡིས་ཁ་བ་ཅན་རུམ་འཐག་བཟོ་གྲྭ་དང་ཉར་ཚགས་མཁས་པ་པ་ནོར་དང་མཉམ་དུ་གཉེར་བའི“གཡོ་འཁྱོམ་དང་ཚད་བརྒལ། དཔྱིད་གསར་དུས་ཆེན་གྱི་འབྲུག་རིས་བོད་རུམ་ཆེད་དོན་འགྲེམས་སྟོན”དེ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། དེ་ནི་རུམ་འཐག་བཟོ་གྲྭའི་འཕོ་འགྱུར་གསར་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།