དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-02

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་དམ་ནན་གྱི་བརྡ་རྟགས་གཏོང་ཆེད། ཟླ་7ཚེས་31ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་དུས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་བ་རེད།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅན་ཁྲ་ཀྲང་གཞོན་པ་ཧོ་མིང་ཆོན་སོགས་ཀྱིས་གསོ་སྦྱོང་བྱེད་རིང་གཏན་འབེབས་ལས་འགལ་ནས་གསོལ་སྟོན་དང་ཆང་རག་བཏུང་པའི་གནད་དོན། 2021ལོའི་ཟླ་12པར། མཚོ་ལྷོ་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲི་ཀ་རྫོང་གི་གསོལ་མགྲོན་ཁང་ཞིག་ཏུ་ཀྲོའུ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་སྒོའི་གསོ་སྦྱོང་དང་ལོ་འཁོར་གྱི་འགན་འཁྲི་སྤྱོད་གཙང་སྒྲུབ་ཞུའི་ཚོགས་འདུ་འཚོག་རིང་། ཧོ་མིང་ཆོན་དང་། ཁྲིམས་ཁང་དེའི་སྐབས་དེའི་ཏང་ཙུའུ་ཡི་ཁོངས་མི་དང་ཅན་ཁྲ་ཀྲང་གཞོན་པ་ལྷ་སྲུང་། སྐབས་དེ་དུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཡུང་ལུའུ། གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཁྲང་ཏེ་སོགས་ཀྱིས་ཚོགས་འདུའི་རིང་ཁ་ལག་ཟ་སྐབས་གཏན་འབེབས་ལས་འགལ་ནས་རང་གིས་ཁྱེར་ཡོང་བའི་ཨ་རག་མཉམ་དུ་བཏུང་ཡོད། 2024ལོའི་ཟླ་7པར། ཧོ་མིང་ཆོན་དང་། ལྷ་སྲུང་། ལི་ཡུང་ལུའུ། ལི་ཁྲང་ཏེ་བཅས་ལ་ཏང་ནང་གི་ཐ་ཚིག་བསྒྲགས་པ་རེད།

    མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་དོན་གྲུབ་ཚེ་རིང་སོགས་ཀྱིས་གཏན་འབེབས་ལས་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན། 2023ལོའི་ཟླ་11ཚེས་2ཉིན། དོན་གྲུབ་ཚེ་རིང་གིས་ཅུས་དེ་གའི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་ཡུས་ཀྲུང་སོགས་ལས་བྱེད་པའི་སྣེ་ཁྲིད་དེ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་ཅིང་། ལས་ཀ་མཇུག་འགྲིལ་རྗེས་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་ལི་ཆེ་གེ་མོས་ཁེ་ལས་སུ་ཞིབ་བཤེར་མཛུབ་ཁྲིད་བྱེད་པར་གདན་འདྲེན་ཞུས་པ་དང་ལེན་བྱས་པ་དང་འབྲེལ་ཁེ་ལས་ཀྱི་ཟ་ཁང་དུ་གསོལ་སྟོན་ལ་རོལ་ནས་ཆང་རག་བཏུང་པ་རེད། 2024ལོའི་ཟླ་7པར། དོན་གྲུབ་ཚེ་རིང་ལ་ཏང་ནང་གི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་དོན་ཐད་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་ཕོག་ནས་ལས་གནས་གཞན་དུ་བཀོད་སྒྲིག་བྱས་ཡོད། ཝང་ཡུས་ཀྲུང་ལ་ཏང་ནང་གི་ཐ་ཚིག་བསྒྲགས་པ་དང་སྲིད་དོན་ཐད་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་ཕོག་ཡོད།

    མཚོ་ཤར་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་མཱ་ཁྲེང་ཏེ་སོགས་ཀྱིས་ལམ་བསྐོར་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱས་པའི་གནད་དོན། 2023ལོའི་ཟླ་དང་པོར་མཱ་ཁྲེང་ཏེས་ལས་དོན་པའི་སྣེ་ཁྲིད་དེ་གཞུང་འཁོར་བཏང་ནས་ཀན་སུའུ་སོགས་ཀྱི་ས་ཆར་རང་བརྟེན་ལས་འདེམས་དམག་སྒྱུར་ལས་བྱེད་པར་འཚམས་འདྲི་བྱེད་རིང་རང་འཚམ་གྱིས་འགྲོ་ལམ་བསྒྱུར་ནས་ཡུན་ནན་གྱི་ཁུན་མིང་དང་ཤིས་ཧྲོང་པན་ན་སོགས་ཀྱི་ས་ཆར་གཞུང་དངུལ་སྤྱད་ནས་ཡུལ་སྐོར་བྱས་པ་རེད། 2024ལོའི་ཟླ་3པར། མཱ་ཁྲེང་ཏེའི་ཏང་ནང་གི་གོ་གནས་མེད་པར་བཟོས་པ་དང་སྲིད་དོན་གྱི་གོ་གནས་མེད་པར་བཟོས་པའི་ཆད་པ་ཕོག་ཡོད།

    དཔེ་མཚོན་གྱོད་དཔེ་གཞན་གཉིས་ནི་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀྲི་ཏུང་གིས་གཏན་འབེབས་ལས་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཨེར་ཏེང་པའོ་ལི་ཀེས་གཏན་འབེབས་ལས་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།