བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཝང་ཡུང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཏང་ཀྲུང་དབྱང་གིས་ན་གཞོན་ལས་བྱེད་པར་བཏོན་པའི་བླང་བྱ་དང་རྒྱབ་འགལ་བྱས་པ། ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་མི་བྱེད་པ། རྩ་འཛུགས་ལ་མགོ་སྐོར་གཏོང་བ། ཆབ་སྲིད་ཀྱི་རྒྱབ་རྟེན་བཙལ་བ། མགོ་བདེ་དྲན་འཕྲུལ་བྱེད་པ། ཆབ་སྲིད་ཀྱི་ཁྲམ་པ་དང་གྲོགས་པོ་སྒྲིག་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བཅས་བྱས་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ། གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱས་པ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ནས་རྩ་འཛུགས་ལ་གནད་དོན་གང་ཡིན་ཇི་མ་ཇི་བཞིན་གསལ་བཤད་མ་བྱས་པ་དང་། མི་སྒེར་གྱི་འབྲེལ་ཡོད་དོན་དག་གཏན་འབེབས་ལྟར་སྙན་སེང་མ་ཞུས་པ། སྤྱོད་གཙང་གི་མཐའ་ཚད་མ་སྲུང་བར་སྒྲིག་འགལ་ངང་ཁྲོམ་ཞུགས་མིན་པའི་ཀུང་སིའི་མ་རྐང་བཟུང་བ། སྒྲིག་འགལ་ངང་ཁྲོམ་རའི་དཔལ་འབྱོར་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་པ། སྤྱི་པའི་དབང་ཆ་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བརྩི་བ་དང་། དབང་དངུལ་བརྗེ་ཚོང་འབོར་ཆེན་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་རོགས་དང་དངོས་ཟོག་ཉོ་སྒྲུབ་བྱེད་རོགས་སོགས་བྱས་ནས་ཁེ་བཟང་བཟས་པ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་ཡོད།
ཝང་ཡུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱང་མཚམས་དང་ཚོད་མེད་པར་ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་པ་བརྒྱུད། ཝང་ཡུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ལས་འབུད་རྒྱུའི་ཆད་པ་གཅོད་རྒྱུ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཁོ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་རྒྱུ། སྒྲིག་འགལ་ཁྲིམས་འགལ་གྱི་ཁོ་པའི་ཐོབ་ཆ་དག་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་དོགས་ཡོད་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་པར་སྐྱེལ་རྒྱུ་དང་གྱོད་འབྲེལ་རྒྱུ་ནོར་དག་མཉམ་དུ་སྐྱེལ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།