ཚོང་འགུགས་མ་འདྲེན་ཧུར་ཐག་བྱས། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་།
—— རང་ལྗོངས་ཀྱིས་ཐོན་ལས(བཟོ་ལས)གླིང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་སྔ་རྗེས་སུ་བཟོས་ནས་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་དང་རིམ་པ་ཁག་དང་རིགས་ཁག་གི་ཐོན་ལས(བཟོ་ལས)གླིང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སུ་རྒྱུན་ཆད་མེད་པར་གཏོང་བ། ཐོན་ལས་གཞི་ཁྱོན་སྟོབས་ཆེར་རྒྱུན་ཆད་མེད་པར་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་པས། རྒྱལ་ཁབ་རིམ་པའི་ཐོན་ལས་གླིང་ཁུལ་གྱིས་གསར་གཏོད་སྣེ་ཁྲིད་དང་། རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་གླིང་གིས་འདེགས་སྐྱོར་ནུས་ལྡན། རྫོང་རིམ་པའི་ས་གནས་གླིང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས(བཟོ་ལས)གླིང་ཁུལ་གྱི་འཕེལ་རྒྱས་རྣམ་པ་རགས་ཙམ་ཆགས་ཡོད།
གླིང་ཁུལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷ་སའི་མཐོ་གསར་ཁུལ་གྱིས་གསར་གཏོད་ལས་གཏོད་ཞབས་ཞུའི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་2017ལོར་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་གཉིས་གཏོད་དཔེ་སྟོན་རྟེན་གཞིར་ཆོག་མཆན་ཐོབ་པ་དང་། 2019ལོར་ཀྲུང་གོའི་ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱི་གསར་གཏོད་དང་སྐུལ་འདེད་བྱ་དགའ་ཐོབ་པ། 2021ལོར“ཚན་རྩལ་གསར་གཏོད་ཀྲུང་གོའི”ཚོད་ལྟའི་གྲོང་ཁྱེར(གླིང)ལ་བདམས་ཐོན་བྱུང་བ་བཅས་དང་། མིག་སྔར་གཉིས་གཏོད་རྟེན་གཞི་13ཡོད་པར་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་54དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་153 ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་12ཡོད་པ་རེད།
མིག་སྔའི་བར། ས་གནས་ནོར་སྲིད་དང་བོད་སྐྱོར་མ་དངུལ་གཅིག་འགྱུར་འཆར་འགོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་རང་ལྗོངས་སུ་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། བཟོ་ལས་གླིང་ཁུལ། ཞིང་ལས་ཐོན་ལས་གླིང་། རིག་གནས་ཐོན་ལས་གླིང་། ཡུལ་སྐོར་ཐོན་ལས་གླིང་། ཟོག་འགྲེམས་ཐོན་ལས་གླིང་སོགས་རིམ་པ་ཁག་དང་རིགས་ཁག་གི་ཐོན་ལས(བཟོ་ལས)གླིང་ཁུལ་རིམ་བཞིན་ཆགས་ཡོད། མིག་སྔར། ལྗོངས་ཡོངས་སུ་གཞི་ཁྱོན་ངེས་ཅན་དང་རྨང་གཞི་ངེས་ཅན་ལྡན་པའི་བཟོ་ལས་གླིང་ཁུལ་16ཡོད་པ་རེད།
རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར། རང་ལྗོངས་ཀྱི་ཐོན་ལས་གླིང་ཁུལ་གྱི་བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་དང་བརྟན་ཁྲོད་སྤུས་སྤོར་བྱུང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་432ཟིན་པ་དང་། གླིང་ཁུལ་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་93ཟིན་པ་དེ་དུས་མཚུངས་ལས་30%འཕར་བ། ཁྲལ་འཇལ་དངུལ་འབོར་སྒོར་དུང་ཕྱུར་149ཟིན་པ། ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་39.9བཏང་བ། གླིང་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་20.9བཏང་བ་རེད།
གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཧུར་ཐག་བྱས་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞུང་ཁོངས་དོ་དམ་ཀུང་སིས་བོད་ཀྱི་ལྗང་མདོག་འགུལ་ནུས་གསར་པའི་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཏ་ཡིའུ་ཧྲུའོ་ནེང་སོགས་ཚན་རྩལ་གླིང་སྐྱོང་སྤེལ་ལས་སྟེགས་དང་མཉམ་ལས་བྱས་ཏེ་པེ་ཅིང་དང་། ཁྲེང་ཏུའུ། ཞ་མོན་སོགས་སུ“ཐོན་ལས་བོད་སྐྱོར་ཁུལ”ཁག་གཅིག་གཏོད་རྩིས་ཡོད་པ་རེད། ཁོངས་གཏོགས་ཡན་ལག་ཀུང་སིའི“ཆུ་གློག་ལས་གྲྭ་ཀུང་སི་རྩེ་གྲའི”རྐང་དབང་60%ཏ་ཡིའུ་ཧྲུའོ་ནེང་ལ་བརྒྱུད་བཤུག་བཏང་བ་དང་། ཏ་ཡིའུ་ཧྲུའོ་ནེང་གིས་སྣེ་ཁྲིད་དེ་ཆིང་ཧྭ་སློབ་ཆེན་འབྲི་ཆུའི་ཟུར་གསུམ་གླིང་ཞིབ་འཇུག་ཁང་དང་དབྱི་ཧྭ་ཐུང་ཚན་རྩལ་སོགས་རྒྱལ་ནང་གི་ཆིང་ནུས་ཐོན་ལས་ཀྱི་ཐོན་ཁུངས་གཙོ་བོ་བསྡུ་སྒྲིལ་བྱས་ཏེ་བོད་ཀྱི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ནས་ཆིང་ལྗང་ཐོན་སྐྱེད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གླིང་ཁུལ་གྱི་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། ཚོང་འགུགས་མ་འདྲེན་གནད་སྨིན་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་སྤུས་ཚད་ལེགས་སུ་བཏང་ནས་གཙོ་གནད་བཟོ་ལས་ཐོན་ལས་ཀྱི་ལེགས་བསྡུས་ཞིབ་གཉེར་དང་ཁྱུ་ཚོགས་མཉམ་འདུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བཏང་སྟེ། ཁེ་ལས་འདྲེན་ཐུབ་པ་དང་། གནས་ཐུབ་པ། འཕེལ་རྒྱས་ཡག་པོ་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་ཡག་པོ་བསྒྲུབས་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་བསྐྲུན་མགྱོགས་སུ་བཏང་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་སྐབས་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་ཐག་གཅོད་བྱས་པ་མ་ཟད། རྣམ་གྲངས་སྔ་ཙམ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་སྔར་བས་འདོན་སྤེལ་བྱས་ཡོད།
གླིང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ།
2012ལོར་ཅང་སུའུ་ཡི་བོད་སྐྱོར་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་བརྒྱུད་བོད་ལྗོངས་བོད་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བོད་དུ་གཞིས་ཆགས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད་ལ། དངོས་སུ་གཞིས་ཆགས་པའི་བོད་ཀྱི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ཁེ་ལས་འབའ་ཞིག་ཀྱང་ཡིན་པ་རེད། ཁེ་ལས་བཙུགས་ཚུན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐིང་ཅུས་ཀྱིས་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཡིག་ཆ་མང་པོ་བཀྲམ་པ་དང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀྱང་བོད་སྐྲུན་ཚན་རྩལ་ལ་བྱ་དགའ་མང་པོ་སྤྲད་དེ་ཁྲལ་འབབ་གཟིགས་སྐྱོང་ཚུད་པའི་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཡོད།
མིག་སྔར་ང་ཚོས་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་སོགས་སུ་སྒྲིག་སྦྱོར་རྣམ་པའི་ཐོན་སྐྱེད་རྟེན་གཞི་བསྐྲུན་ཡོད། ང་ཚོས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་ཐོན་ལས་རྟེན་གཞི་བཀོད་སྒྲིག་བྱེད་འདོད་ཡོད”ཅེས་ཧྲེན་ཡན་གྱིས་གདེང་ཚོད་ཆེན་པོས་བཤད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལ་ཤུགས་སྣོན་བརྒྱབ་པ་དང་། སྔོན་ཐོན་ཚད་གཞི་འཛིན་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཞབས་ཞུའི་འགན་ལེན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་མ་ཟད། ཐོན་ལས(བཟོ་ལས)གླིང་ཁུལ་གྱི་གཟུགས་བརྙན་ལེགས་སུ་བཏང་ནས་འཕེལ་རྒྱས་སྐྱོན་བྲལ་འགྲོ་བའི་ཁོར་ཡུག་བཟང་པོ་བཏོད་བཞིན་ཡོད།