དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་ནན་བཤད་གནང་དོན།

    འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་དང་། བསམ་ཕྱོགས་བྱེད་ཐབས་གསར་གཏོད། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྟོབས་དང་ལྡན་ལ་སྲ་ཞིང་བརྟན་པའི་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་ཧུར་ཐག་སྐྲུན་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་7ཚེས་30ཉིན་གྱི་ཕྱི་དྲོ་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ། དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ནང་གནས་ཀྱི་བླང་བྱ་ཞིག་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་སྤྱི་འདོམས། མཐའ་མཚོ་མཁའ་གསུམ་འགོག་སྲུང་བྱེད་ཚུལ་དང་། ཁྱད་ཆོས། བླང་བྱ་བཅས་གསར་པ་ཁོང་དུ་ཆུད་པ། འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་པ། བསམ་ཕྱོགས་བྱེད་ཐབས་གསར་གཏོད། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ནས་སྟོབས་དང་ལྡན་ལ་སྲ་ཞིང་བརྟན་པའི་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་དཔོན་གྱི་ལས་འགན་འཁུར་མཁན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

    ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་ཚན་མོའུ་པུའི་བློ་མཐུན་ཧོང་ཅི་ཀྲུང་གིས་དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད། ལས་དོན་གྱི་གྲོས་འགོའང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་གསན་ནས་གྲོས་བསྡུར་གནང་བ་རེད།

    ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་ནི་རྒྱལ་ཁབ་ཀྱི་བདག་དབང་གི་མཚོན་རྟགས་གལ་ཆེན་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སྒོ་མོ་གལ་ཆེན། རྒྱལ་ཁབ་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་བཅས་ཡིན་པས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་བསྐྲུན་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་སྟོབས་མཐའ་བརྟན་ཡོང་བར་ཤུགས་སྣོན་རྒྱག་པ། མཐའ་མཚོ་མཁའ་གསུམ་འགོག་སྲུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་། སྟོབས་ཤུགས་གྲུབ་ཆ། སྲིད་ཇུས་ལམ་ལུགས་སོགས་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱ་རྒྱུར་འགོ་ཁྲིད། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་བྱ་སྤྱོད་གལ་ཆེན་རབ་དང་རིམ་པ་སྤེལ་བར་བཀོད་འདོམས་བྱས་ཏེ། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་རང་འགུལ་ལ་སྲུང་སྐྱོང་ཡང་བྱས་ཡོད། རང་རྒྱལ་གྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འགོ་འཛུགས་ས་གསར་པར་སླེབས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གི་ནང་དོན་དང་ཕྱིར་སྣུར་སྲིང་བྱ་རྒྱུར་འགྱུར་ལྡོག་གཏིང་ཟབ་བྱུང་བ། ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྔར་བས་རྙོག་འཛིང་ཆེ་བ་བཅས་ཡོད་པས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་དང་སྤྱི་ཡོངས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲུང་མཐའ་སྲུང་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་དང་མཐའ་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ལ། འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པའི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་གྱི་རྣམ་པ་གཏོད་དགོས། ཚན་རྩལ་གྱི་ནུས་པ་འདོན་པར་ཤུགས་སྣོན་རྒྱག་པ་དང་། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གི་བྱེད་ཐབས་གསར་པ་དང་མཐུན་རྐྱེན་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གི་ཕྱོགས་བསྡུས་རིག་ནུས་དོ་དམ་ཚོད་འཛིན་མ་ལག་སྐྲུན་དགོས། འབྲེལ་ཡོད་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ལ་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་དང་། སྔར་ཡོད་ཀྱི་སྒྱུར་བཅོས་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་། གཏན་འཁེལ་བྱས་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ། རྗེས་མཐུད་སྒྱུར་བཅོས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཁོར་སྐྱོད་བྱེད་ཀྱིན་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་མཐའ་འཁྱོངས་དང་། མཐའ་མཚོ་འགོག་སྲུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་ལེགས་གཏོང་། དམག་དཔུང་དང་ས་གནས་ལས་སྒྲོལ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐའ་མཚོ་འགོག་སྲུང་གི་ལས་དོན་ཁག་ཚད་ལྡན་དང་གོ་རིམ་ལྡན་ལ། ཤར་བགྲོད་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། རྒྱལ་ཁབ་ཀྱི་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་དམའ་འཕུར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་མཁའ་ཟོན་འཛུགས་སྐྲུན་གྱི་བྱེད་ཐབས་ལེགས་སུ་བཏང་ནས་དེང་རབས་ཀྱི་མི་དམངས་ཀྱི་མཁའ་ཟོན་མ་ལག་སྐྲུན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་དེ་དམག་དཔུང་དང་ས་གནས་ཀྱི་སྡེ་ཚན་མང་པོ་དང་རིམ་པ་མང་པོ་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་མཉམ་སྤེལ་གྱི་མཐའ་སྟོབས་མཐའ་བརྟན་གྱི་ལེགས་ཆ་འདོན་པ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ཐད་དམག་དཔུང་དང་ས་གནས་ཀྱི་འཆར་འགོད་སྦྲེལ་མཐུད་དང་། ལས་འགན་སྦྲེལ་མཐུད། ཐོན་ཁུངས་ལ་སྤྱི་འདོམས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམག་ཉེན་དམངས་བཅས་ཀྱི་མཉམ་འགོག་བཀོད་འདོམས་དང་བྱ་སྤྱོད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བསམ་ཇུས་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། དམག་དཔུང་གིས་རང་འགུལ་ངང་ས་གནས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་རྒྱལ་སྲུང་འཛུགས་སྐྲུན་དང་བརྟན་དུ་གཏོང་བའི་ལས་འགན་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།