དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཟླ་9ཚེས་4ནས་6ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་དབུ་ཚོགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ལིན་ཅན་གྱིས། ད་ལོའི་གླེང་སྟེགས་ཀྱི་གྲོས་ཚོགས་དེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཐེངས་བཞི་པས་དབུ་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོག་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས“ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། མཛའ་མཐུན་སྐོར་མཉམ་དུ་བརྗོད་པ་དང་། མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱེད་པ། འབྱུང་འགྱུར་སྐོར་མཉམ་དུ་གླེང་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད།

    ལིན་ཅན་གྱིས། ཟླ་9ཚེས་2དང་3ཉིན། གླེང་སྟེགས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་དང་པུའུ་ཀྲང་གི་ཚོགས་འདུ་ཁག་སོ་སོར་འཚོགས་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་ལས་དོན་གྲ་སྒྲིག་བྱ་རྒྱུ་ཡིན་པ་དང་། ཟླ་9ཚེས་4ནས་6ཉིན་བར། དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་། དགའ་བསུའི་གསོལ་སྟོན་དང་རིག་རྩལ་འཁྲབ་སྟོན། རིམ་པ་གཅིག་པའི་མཐོ་རིམ་ཚོགས་འདུ། ཀྲུང་ཧྥེའི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན། ཕྱོགས་གཉིས་མཇལ་འཛོམས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཚུལ་ངོ་སྤྲོད་བྱས་པ་རེད།

    ལིན་ཅན་གྱིས། “ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་བཏོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ལེའུ་གསར་པ་རྩོམ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།