བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུའི་ཟུར་བཀོད།
ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། བོད་ལྗོངས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མི་མི་ཉུང་བ་ཞིག་གིས་ཟིན་བྲིས་འཁྱེར་ནས་འཆད་ཁྲིད་བྱེད་འགོ་ཚུགས་རྒྱུར་བསྒུགས་ནས་བསྡད་འདུག
ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་འགོ་ཚུགས།
སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ས་གནས་ཁག་གི་གྲོང་ཁྱེར་དང་། རྫོང་ཆུས། ཤང་གྲོང་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཚོགས་འདུའི་ཐོག་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཕེ་ཡན་གྱིས་དཔེ་མཚོན་དངོས་དྲངས་ཤིང་གནད་འཁེལ་གྱི་མདོར་བསྡུས་ལ་བརྟེན་ནས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་གཏན་འཁེལ་དང《གཏན་འབེབས》འཆར་ཟིན་འགོད་པའི་བརྒྱུད་རིམ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་པ། 《གཏན་འབེབས》ནང་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ངོས་འཛིན་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།
ཆུ་ཚོད་གཉིས་ཙམ་གྱི་སྙན་ཞུའི་བརྗོད་དོན་ཁ་གསལ་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་གཏིང་ཟབ་པོ་ཡོད་པ་རེད། ཚོགས་ར་དངོས་སུ་ཡོད་པའི་ཉན་མཁན་ཚོས་སྙན་ཞུའི་ཚོགས་འདུ་ཉན་རྗེས་བློ་སྐྱེད་ཆེན་པོ་བྱུང་ལ། ཚང་འཛོམས་གྲོས་ཚོགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། དོན་སྙིང་གལ་ཆེན། ལས་དོན་མཛུབ་ཁྲིད་བཅས་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་པར་སྐུལ་མ་ཆེན་པོ་ཐེབས་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
“ད་རེས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བོད་ལྗོངས་སུ་སྒྲོག་འགྲེལ་བྱེད་པར་ཡོང་བ་ནི་ལྗོངས་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། སྙན་ཞུའི་ཚོགས་འདུའི་ནང་དོན་གཏིང་ཟབ་ཅིང་ཁ་གསལ་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ཁག་ཚང་མ་མཐའ་གསལ་མཐིལ་རྟོགས་ཡོང་བ་བྱས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལ་དེ་བས་ཕྱོགས་ཡོངས་དང་། གནད་འཁེལ། གཏིང་ཟབ་བཅས་ཀྱི་སྒོ་ནས་གོ་བ་ལེན་ཐུབ་པར་བྱས་ཡོད”ཅེས་རྒྱལ་ཁབ་གསར་སྤེལ་མ་འཇོག་བོད་ལྗོངས་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥན་ཤང་ལིན་གྱིས་བཤད། ཁོང་གིས་བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་ཐུན་མོང་མ་ཡིན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཐོན་ཁུངས་ཡོད་པས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནུས་རྒྱུ་གཙང་མའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མའི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་བྱ་གཞག་ལ་སྐུལ་འདེད་བཏང་ནས་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བཤད།
“ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་གྲུབ་འབྲས་ལས་ང་ཚོར་སེམས་ཤུགས་ཆེན་པོ་བསྐྱེད་བྱུང་། དུས་རབས་21པའི་གཞོན་ནུ་གསར་པ་ཞིག་ཡིན་པའི་ངས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རང་ཉིད་ཀྱི་ཆེད་ལས་ཤེས་བྱ་ཡག་པོ་སྦྱོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གཞོན་ནུའི་འགན་འཁྲི་མངོན་པར་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དཔལ་འབྱོར་ལག་རྩལ་དོ་དམ་སློབ་གླིང་གི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ལིའུ་ཀྲའོ་ཚའེ་ཡིས་བཤད།
ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན། ཚན་རྩལ་གསར་གཏོད་བྱེད་པ་ཤེས་ལྡན་པར་བརྟེན་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་སློབ་གསོར་བརྟེན་དགོས།
“ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་ཟབ་གཏོང་གི་བྱ་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ་སློབ་གསོ་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པར་བཀོད་སྒྲིག་གལ་ཆེན་བྱས་ཡོད། སྙན་ཞུའི་ཚོགས་འདུ་ཉན་པ་བརྒྱུད‘གཉིས་ཡང’སྲིད་ཇུས་དོན་འཁྱོལ་བྱེད་པའི་སློབ་གསོའི་ཐད་ཀྱི་ནུས་པར་ངོས་འཛིན་གཏིང་ཟབ་བྱུང་ལ། ང་རང་གི་བློ་སྒོ་ཡང་ཕྱེ་བྱུང”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཁྲེན་ཆིའུ་ལིན་གྱིས“ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་སློབ་སྦྱོང་བྱེད་མཁན་དང་། སྣེ་ཁྲིད་དྲིལ་བསྒྲགས་བྱེད་མཁན། སྣེ་ཁྲིད་ལག་ལེན་བྱེད་མཁན་བཅས་ཡག་པོ་ཡོང་བའི་འབད་བརྩོན་བྱ་རྒྱུ་དང་། སློབ་གསོ་ལག་ལེན་ཁྲོད་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་བསམ་བློ་དང་ཆབ་སྲིད་སློབ་ཚན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་རིག་ཚན་ལེགས་སྒྲིག་དང་སློབ་ཁྲིད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་སློབ་མ་དང་། ཁྱིམ་བདག སློབ་གྲྭ་བཅས་དབར་གྱི་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མའི་རྩལ་ནུས་ཁག་འཕེལ་རྒྱས་གཏོང་བར་སྣང་ཆེན་དང་། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ལ་གཞོལ་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་སློབ་ཁྲིད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
འཆར་གཞི་བཀོད་ཟིན་པ་དང་དུང་བརྡ་བསྒྲགས་ཟིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམ་པོར་དམིགས་ཏེ། འགན་འཁྲི་ཧུར་ཐག་འཁུར་བ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ངེས་རེད།