དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ།

    ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-01

    ལི་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ།ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་ཡང་གནང་ནས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལི་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཨོའུ་དབྱང་ཁྲང་ཆུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་དང་བསམ་གཞིག་བྱས་པར་ཁོང་ཚོས་རྦད་དེ་མོས་མཐུན་གནང་བ་མ་ཟད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མའི་ཐོན་ལས་དང་ལག་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རང་བྱུང་ཐོན་ཁུངས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱེད་པ། སྐམ་ས་ཆེ་མོ་དང་ཐའེ་དབན་གྱིས་མ་དངུལ་བཏང་བའི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། ལས་གནས་བརྟན་དུ་དང་ན་གཞོན་གྱི་ལས་ཞུགས་རྒྱ་ཆེར་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འདོན་ཚད་ཆེ་རུ་གཏོང་བ། ཁེ་ལས་དང་ས་ཁང་བདག་ཁོངས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་སོགས་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོའི་ལོ་སྟོད་དུ་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ། ང་ཚོས་གནོན་ཤུགས་ཐེག་ཐུབ་པ་དང་ལས་དོན་ཧུར་ཐག་སྤེལ་ནས་གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་པས། དཔལ་འབྱོར་མུ་མཐུད་བསྐྱར་འཕར་དང་ལེགས་སུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སླར་ཡང་གོམ་སྟབས་གསར་པ་སྤོས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དཀའ་ངལ་དང་གནད་དོན་ཁག་གཅིག་འཕྲད་པ་ནི་འཕེལ་རྒྱས་གཏོང་རིང་དང་ཕྱོགས་སྒྱུར་བྱེད་རིང་གི་གནད་དོན་ཡིན་པས། འབད་བརྩོན་བྱས་ཚེ་རྦད་དེ་ཁྱད་བསད་ཐུབ་ངེས་རེད། ང་ཚོས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། གནད་དོན་དང་འགྲན་སློང་ལ་རང་འགུལ་ངང་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་མཆོག་ཏུ་འཛིན་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་ལོ་སྟོད་དུ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་གཏོང་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་གནས་ནོར་སྲིད་ཀྱི་དཀའ་ངལ་ཞི་ལྷོད་དུ་གཏོང་བ་སོགས་ཀྱི་ཐད་འཐབ་འདོན་ཇུས་འབུལ་གྱིས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་མུ་མཐུད་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་སའི་མང་ཚོགས་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་ཁྲིད་སྟོན་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་འདོད་བློ་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་པ་དང་། གཉིས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་བསམ་བློའི་ངོས་འཛིན་དཔལ་འབྱོར་དུས་བབ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དབྱེ་ཞིབ་བརྡར་གཅོད་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། དུས་བབ་དང་སྒྱུར་བཅོས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་མདུན་སྐྱོད་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་དགོས་པ། གསུམ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མུ་མཐུད་ཐབས་ཇུས་དང་སྟོབས་ཤུགས་འདོན་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན། དེ་བཞིན“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་དུས་འགོའི་ཞིབ་འཇུག་འཆར་འགོད་ལས་དོན་སོགས་དོན་འཁྱོལ་བྱ་རྒྱུར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དཔྱད་གཞི་མཁོ་འདོན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།