དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།

    མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས་པ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། 《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་ཀྱིས་བྱས་རྗེས་ཧུར་ཐག་འཇོག་པ་དང་། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་པར་བརྟེན་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་དང་། ཡང་བསྐྱར་ལེགས་ཕྱོགས་སུ་མུ་མཐུད་འཕེལ་བའི་དུས་བབ་རྒྱུན་འཁྱོངས། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མང་དུ་ཕྱིན་པ་དང་། རྒྱལ་ནང་གི་ནུས་ལྡན་དགོས་མཁོ་མི་འདང་བ། དཔལ་འབྱོར་འཁོར་སྐྱོད་ཕྱོགས་གཉིས་སུ་གྱེས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ། སྒུལ་ནུས་གསར་རྙིང་བརྗེ་བར་དཀའ་ངལ་འཕྲད་པ་བཅས་རེད། གནད་དོན་དེ་དག་ནི་འཕེལ་རྒྱས་ཁྲོད་དང་ཕྱོགས་སྒྱུར་ཁྲོད་ཀྱི་གནད་དོན་ཞིག་ཡིན་པས། ང་ཚོས་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་ཆེ་རུ་བཏང་སྟེ་རང་འགུལ་ངང་ཁ་གཏད་ཧུར་ཐག་གཅོག་དགོས་ལ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་གྱི་བཀྲག་མདངས་སྔར་བས་རྒྱས་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་སྨད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་བས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་གསར་པའི་རྣམ་པ་མགྱོགས་མྱུར་བསྐྲུན་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྱུར་བཅོས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག ཉེན་ཁ་སྔོན་འགོག་བཅས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ། གོ་ཆོད་པ་དང་མིག་མཐོང་ལག་ཟིན་གྱི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་དུས་ཐོག་ཏུ་འདོན་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དོན་འཁྱོལ་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། མ་རྩ་རྡིབ་ནས་ཕྱིར་འཐེན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ས་གནས་ཁ་ཤས་ཀྱིས་སྲིད་འཛིན་དང་ཉེས་དོན་གྱི་བྱེད་ཐབས་སྤྱད་ནས་དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱེད་རིགས་སྔོན་འགོག་དང་ཡོ་བསྲང་བྱེད་དགོས། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྒྱུར་བཅོས་གསར་གཏོད་དང་དྲང་གཞག་འགྲན་རྩོད་ཁྲོད་འཛམ་གླིང་གི་ཁེ་ལས་རྩེ་གྲ་དེ་བས་མང་བ་མགྱོགས་མྱུར་སྐྲུན་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གཞི་ཆེའི་སྲིད་ཇུས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ། གཏན་ལ་འཁེལ་བའི་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་མགྱོགས་མྱུར་དོན་འཁྱོལ། འཕར་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་སྔ་ཙམ་གྲ་སྒྲིག་དང་དུས་ཐོག་ཏུ་འདོན་པ་བཅས་བྱེད་དགོས། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་སྤྱོད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་ཡག་པོ་སྤྱོད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་བརྗེས་དང་སྤྱོད་ཤན་ཆེ་བའི་འཛད་རྫས་འབོར་ཆེན་རྙིང་ཚབ་གསར་བརྗེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་དུ་གཏོང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱོད་པ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་ཆག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་རྒྱུན་འཁྱོངས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་ཡོང་བར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཕྱོགས་གང་ཅིའི་ཐད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་གཙོ་ཁྲིད་ནུས་པ་མུ་མཐུད་ཡག་པོ་འདོན་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཛད་སྤྱོད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་འགྱུར་བ་བྱེད་པ་དང་། ཐབས་ལམ་མང་པོར་བརྟེན་ནས་གྲོང་མིའི་ཡོང་འབབ་འཕར་བ་བྱེད་པ། ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་འཛད་སྤྱོད་ནུས་པ་དང་འདོད་མོས་ཆེ་རུ་གཏོང་བ། ཞབས་ཞུའི་འཛད་སྤྱོད་དེ་འཛད་སྤྱོད་རྒྱ་སྐྱེད་རིམ་སྤོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ། རིག་གནས་ཡུལ་སྐོར་དང་། རྒན་གསོ། བྱིས་གསོ། ཁྱིམ་ལས་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བཅས་བྱེད་དགོས། དམངས་ཁྲོད་མ་འཇོག་གི་ཧུར་བརྩོན་རང་བཞིན་སྔར་བས་སྐུལ་སློང་བྱས་ཏེ་ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ནུས་ལྡན་དང་ཕན་ཆེའི་སྒོ་ནས་གཙོད་མཆོང་ཁེ་ལས་དང་ཁེ་ལས་རྭ་གཅིག་མ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ལས་རིགས་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས“ནང་འདྲིལ་རྣམ་པའི”འགྲན་རྩོད་ངན་པ་སྔོན་འགོག་བྱེད་དགོས། ཁྲོམ་རའི་ལེགས་རྒྱལ་ཞན་ཕམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་རྗེས་ལུས་དང་ཕན་འབྲས་ཆུང་བའི་ཐོན་ནུས་ཕྱིར་འཐེན་བྱེད་པའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་བས་གཏོད་པ། ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚད་བཀག་བྱ་ཐབས“གཙང་སེལ”བླང་བྱ་དོན་འཁྱོལ་བྱེད་པ། རེས་སྐོར་གསར་པའི་ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟའི་བྱ་ཐབས་འདོན་པ་བཅས་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་བར་གནས་ཐོན་རྫས་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་རྒྱ་ཆེར་གཏོང་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་འགོག་ཟོན་དང་སེལ་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་དོན་འཁྱོལ་ཡག་པོ་བྱེད་པ་དང་། གསོག་གྲངས་བེད་སྤྱོད་དང་འཕར་གྲངས་ལེགས་གཏོང་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཉོ་སྒྲུབ་བྱས་པའི་གསོག་འབོར་ཚོང་སྒྱུར་ཁང་པ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་པར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཁང་པ་རྩིས་སྤྲོད་འགན་ལེན་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་བཟོ་དགོས། ས་གནས་ཀྱི་བུ་ལོན་གཙང་སེལ་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་ཆ་རྐྱེན་བསྐྲུན་ནས་ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་བུ་ལོན་ཉེན་ཁ་མགྱོགས་མྱུར་སེལ་དགོས། ཉེན་ཁ་སྔོན་འགོག་དང་། ལྟ་འདོམས་ལ་ཤུགས་སྣོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་སྤྱི་འདོམས་བྱས་ཏེ་མ་འཇོག་མཁན་གྱི་སེམས་ཤུགས་འཕེལ་བ་དང་མ་རྩའི་ཁྲོམ་རའི་ནང་གནས་ཀྱི་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་འགྱུར་བའི་གནས་ཚུལ་མི་ཐོན་པར་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོར་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བརྩོན་ལེན་ཧུར་ཐག་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ལས་ཞུགས་སྔོན་འགྲོའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་ཚུད་དང་བརྟན་དུ་གཏོང་དགོས། འབྲུབ་འགོག་དང་། ཆུ་འགོག རྒུད་སྐྱོབ་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་དབྱར་དུས་སུ་ནུས་རྒྱུ་དང་གློག་ཤུགས་མཁོ་སྤྲོད་ཡག་པོ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ། བཟའ་བཅའི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བཅས་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་དུས་འགོའི་ཞིབ་འཇུག་དང་འཆར་འགོད་ལས་དོན་ཡག་པོ་སྒྲུབ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་གཅོང་ནད་ཅིག་ཡིན་པས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་མཐའ་གཅིག་ཏུ་བཅོས་དགོས། གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཡིན་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་རྐང་ལག་འཆིང་སྡོམ་བྱེད་མི་རུང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་པ་དང་ཀྲུང་དབྱང་གི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་བུ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་ལ་དུས་བཀག་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་ཁག་གིས་ལས་དོན་བཀོད་སྒྲིག་བྱེད་སྐབས་དངོས་ཐོག་བདེན་འཚོལ་བྱེད་དགོས་ལ། ཞིང་ཆེན་མན་གྱི་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ལག་བསྟར་ལ་ཤུགས་སྣོན་རྒྱག་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་པར་སྤྱི་འདོམས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་བས་དོན་འཁྱོལ་ནན་པོ་བྱེད་པ། ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་ཉུང་གཏོང་མུ་མཐུད་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བཅས་ཚད་ལྡན་དུ་གཏོང་བ་དང་སྤྱི་འདོམས་བྱེད་པ། ཡང་ཡང་ཐོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། གཞི་རིམ་ནས་ལས་བྱེད་པ་སྐོང་གཡར་བྱ་རྒྱུ་ནན་དུ་གཏོང་བ། སྲིད་དོན་སྒུལ་བདེ་དང་དྲ་སྦྲེལ་ནས་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། “མཛུབ་རྩེའི་ཕྱི་ཚུལ་རིང་ལུགས”བཅོས་སྒྲིག་བྱེད་པ། གཞི་རིམ་གྱི་འགན་དབང་དང་འགན་འཁྲི་སྔར་བས་མཐུན་སྦྱོར་བྱེད་པ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། དཔེ་སྟོན་གསར་གཏོད་དང་ཚད་ལོན་བྱེད་སྒོ་ཁུ་བསྡུ་བྱེད་པ། དཔེ་སྟོན་གསར་གཏོད་ཀྱི་ཕན་འབྲས་དངོས་ལ་གཙིགས་ཆེན་བཅས་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ། གཞི་རིམ་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཤེས་རྟོགས་ཐུབ་རིམ་བཞིན་བཅོས་སྒྲིག་བྱེད་དགོས། དཔེ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ངེས་ཅན་ལྡན་པའི་གནད་དོན་ཐད་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཆེད་དོན་བཅོས་སྒྲིག་དང་གཙང་བཤེར་བྱེད་པ་དང་། གཞི་རིམ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་བ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པར་ཁྲིད་སྟོན། ཐེག་པ་འཁུར་ལེན་ལ་ལྕག་འདེབས་བཅས་བྱས་ཏེ་དོན་འཁྱོལ་དམ་འཛིན་ཐད་སེམས་ནུས་དེ་བས་མང་བ་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།