དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཡིད་དུ་འོང་བའི་མཐོ་གྲང་འདམ་ ར”སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། མཛོད་དགེ་འདམ་ར་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་གྲང་འདམ་སོལ་གྱི་འདམ་ར་ཞིག་ཡིན་ཞིང་། དེར་ཀྲུང་གོའི“ཡིད་དུ་འོང་བའི་མཐོ་གྲང་འདམ་ར”ཞེས་པའི་མཚན་སྙན་ལྡན།

    ཚེས་26ཉིན་སི་ཁྲོན་ཁྱུང་མཆུ་རྫོང་དུ་གནས་པའི་ཀྲུང་གོ་ཚན་རིག་ཁང་མཛོད་དགེ་འདམ་རའི་སྐྱེ་ཁམས་ཞིབ་འཇུག་ས་ཚིགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཡོད། ཞིབ་འཇུག་ས་ཚིགས་ཀྱིས་མཐོ་གྲང་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། སྐྱེ་དངོས་ཐོན་ཁུངས་བེད་སྤྱོད། ས་ཁོངས་སྐྱེ་ཁམས་ཉམས་གསོ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ལ་དམིགས་ནས། གོ་རིམ་ལྡན་པའི་ངང་ངེས་གནས་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཞིབ་འཇུག་སོགས་བྱ་རྒྱུ་རེད།

    མཛོད་དགེ་འདམ་ར་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3500ཡན་ཟིན་པ་མ་ཟད། དེ་ནི་རང་རྒྱལ་གྱི་མཐོ་གྲང་འདམ་རའི་གཅིག་སྡུད་ཁྱབ་ཁུལ་གཙོ་བོ་ཞིག་ཡིན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་རྩ་གསོ་བ་དང་ས་མཐོའི་སྐྱེ་ཁམས་སྲུང་བཅད་ཀྱི་སྐྱེ་ཁམས་འགན་འཁྲི་ལྕི་པོ་འཁུར་གྱི་ཡོད།

    ཇི་ལྟར་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུ་ནི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ལན་འདེབས་དགོས་པའི་དྲི་བ་ཞིག་ཡིན། མཛོད་དགེ་འདམ་ར་ནི་གོ་ལ་ཧྲིལ་པོའི་རྒྱ་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་མཐོའི་འདམ་སོལ་འདམ་ར་ཡིན་ཞིང་། དེ་གར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་བྱ་ཡུལ་ཡང་ཡིན། ད་དུང་འདམ་སོལ་ཐོན་ཁུངས་འབོར་ཆེན་ཡང་ལྡན་པ་དང་ཐཱན་གྱི་འདུས་ཚད་ནི་གོ་ལ་ཧྲིལ་པོའི་ས་རྒྱུའི་ཆ་སྙོམས་གྲངས་ཐང་གི་ལྡབ་3ནས་6བར་རེད། འབབ་རྒྱུད་ཀྱི་ཆུ་དཔྱད་སྙོམས་སྒྲིག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ཞི་ལྷོད་དུ་གཏོང་བ་སོགས་ལ་མཛོད་དགེ་འདམ་རས་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

    ཆུ་བོ་ཤང་ཤང་དུ་བཞུར་བ་དང་མེ་ཏོག་མཚེའུ་ཡི་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་།

    དེ་སྔོན་ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་ནས་ད་ཆ་ཚན་རིག་ཞིབ་འཇུག་བརྒྱུད་ཕྱུགས་འཚོ་ཚད་དང་རྩྭ་ས་ཞན་འགྱུར་གྱི་འབྲེལ་བར་དཔྱད་དཔོག་བྱས་ཏེ་ཐོན་སྐྱེད་དང་སྲུང་སྐྱོང་དབར་གྱི་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་པ་དང་། དེ་སྔོན་འདམ་སོལ་རྐུ་འདོན་བྱེད་པ་ནས་ད་ཆ་ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་5000ལྷག་ཙམ་གྱིས་ཆུ་བོ་དང་ནགས་ཚལ་ལ་སྐོར་ཞིབ་བྱེད་པའི་འགན་འཁྲི་མཉམ་དུ་འཁུར་བཞིན་ཡོད།

    “ང་ཚོས་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག དཔེ་སྟོན་བཅས་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན”ཕྱི་རོལ་ཏུ་ཚན་ཞིབ་བྱེད་པར་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་བརྟག་དཔྱད་བྱེད་དགོས་ཞེས་མཛོད་དགེ་ས་ཚིགས་ཀྱི་ཀྲན་ཀྲང་ཀའོ་ཡུང་ཧེང་གིས་བཤད།

    སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་ཁྱུང་མཆུ་རྫོང་ཡོངས་ཀྱི་ཕྱུགས་བཀག་རྩྭ་གསོའི་སྔོ་ཁེབས་ཁེབས་ཚད་25%ཡན་མཐོ་རུ་སོང་བ་དང་ཆ་སྙོམས་ཁེབས་ཚད་80%ཡན་ཟིན་གྱི་ཡོད། ས་ངོས་ཀྱི་ཆུ་བབ་ནི་ལོ་ཧྲིལ་པོར་ལི་སྨི་50ཙམ་རྒྱུན་འཁྱོངས་ཐུབ་པ་དང་ལྟེ་བའི་ཁུལ་གྱི་མེ་ཏོག་མཚེའུ་ཡི་རྒྱ་ཁྱོན་མུའུ་9630བར་འཕར་བ་སོགས་ཀྱི་ཉམས་དགའ་བའི་སྣང་ཚུལ་ཐོན་ཡོད།

    “ལོ་མང་པོར་བཅོས་སྐྱོང་བྱས་པ་བརྒྱུད། མཛོད་དགེ་འདམ་རའི་ཐོན་ཁུངས་སྤྱིར་ན་བརྟན་པོ་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཁྲེན་ཧོའེ་ཡིས་བརྗོད།

    གོམ་སྟབས་རྗེས་མར། ཀྲུང་གོ་ཚན་རིག་ཁང་མཛོད་དགེ་ས་ཚིགས་ཀྱིས་རིག་ཚན་དང་སྡེ་ཚན་ལས་བརྒལ་བའི་ཚན་རིག་ཞིབ་འཇུག་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་བྱ་གཞག་ལ་མུ་མཐུད་འཚོལ་ཞིབ་བྱས་ནས་གྲུབ་འབྲས་དེ་བས་མང་བ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།