དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་མཐོའི་དམའ་འཕུར་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ།

    རང་ལྗོངས་ཀྱིས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-31

    ད་ཆ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་ཆེད། བོད་ཀྱིས་དམའ་འཕུར་དཔལ་འབྱོར་སོགས་འཕར་གཞིའི་སྒུལ་ཤུགས་གསར་པ་བཏོད་དེ། རང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐངས་དང་སྐོང་བཞིན་ཡོད།

    ས་མཐོའི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་བཏང་བ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་སྔ་རྗེས་སུ་ཐེངས་གཉིས་འཚོགས་པ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་གཉིས་གནང་སྟེ། སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མང་པོས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཇུས་འགོད་དང་བཀོད་སྒྲིག་རབ་དང་རིམ་པ་གནང་ནས་ཚད་གཞི་མཐོ་པོས་བཀོད་སྒྲིག་དང་ལས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

    དུས་འགོའི་སྤྱི་འདོམས་སྣེ་ཁྲིད་སྡེ་ཚན་ཡིན་པའི་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་གནད་དོན་ཞག་འགྱངས་མི་བྱེད་པའི་སྙིང་སྟོབས་དང་རྟག་ཏུ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ཏེ། སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་གྱིས“སྤྱི་འདོམས་འཆར་འགོད་དང་། དམག་དམངས་མཉམ་འབྲེལ། སྐུལ་འདེད་བརྟན་པོ། ཕན་འབྲས་དོན་གཉེར”བཅས་ཀྱི་སྤྱིའི་བསམ་ཕྱོགས་ཤིག་ཆགས་པར་བྱེད་པ་དང་། དམའ་འཕུར་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ། སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་དམའ་རིམ་སྒྲོམ་གཞི་གཙོ་གནད་དུ་བཟུང་ནས་བཟོ་བ། མཁྲེགས་ཆས་སྒྲིག་བཀོད་དང་། ཁྲོམ་ར་བེད་སྤྱོད། དོ་དམ་ལམ་ལུགས་སོགས་ཀྱི་མ་ལག་འཛུགས་པ་བཅས་ཀྱི་ཐོག་ནས་རྗེས་མཐུད་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་བཀོད་སྒྲིག་གི་བསམ་ཇུས་འགོད་པར་སྤྱི་འདོམས་ཡག་པོ་བྱས་པ།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་བོད་ཀྱི་དམའ་འཕུར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་གཞུང་གི་འཆར་འགོད་སྣེ་ཁྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི“གདུང་བཞི་ཀ་བརྒྱད”བརྟན་དུ་བཏང་བ་མ་ཟད། “ཁྱོན་ཡོངས་ནས་སྤྱི་འདོམས”བྱེད་སྟངས་ལ་བརྟེན་ནས“སྐྲུན་ཐུབ་པ་དང་། འཕུར་ཐུབ་པ། དོ་དམ་བྱེད་ཐུབ་པ”བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ཡོད།

    སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་1+Nཡི་འཆར་འགོད་སྲིད་ཇུས་མ་ལག་ཆགས་པར་བྱས་ཤིང་། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་འཆར་འགོད(2021ལོ་ནས་2035ལོ་བར)》བཟོས་ནས་བཀྲམ་པ་དང《བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ(ཚོད་ལྟའི་ལག་བསྟར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཆེད་སྤྱོད་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས(འཁོར་འབྲེལ)སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི》སོགས་སྔ་རྗེས་སུ་བཏོན་པ་བརྒྱུད། 1+Nཡི་འཆར་འགོད་སྲིད་ཇུས་མ་ལག་ཅིག་ཆགས་ཡོད།

    སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་8+11གནམ་ཐང་གི་ཇུས་འགོད་བྱས་ཤིང་། གནམ་ཐང་འཛུགས་སྐྲུན་བྱེད་རིང་ཉེར་སྤྱོད་རང་བཞིན་ལ་མཐོང་ཆེན་མཐའ་འཁྱོངས་བྱས་ཏེ། ལྷ་སའི་གོང་དཀར་གནམ་ཐང་ལྟེ་བར་བྱས་ནས་གཞུང་དོན་གནམ་གྲུའི་འགན་སྲུང་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བ་དང་། ཡན་ལག་གནམ་ཐང་7འདེགས་སྐྱོར་དུ་བྱས་ནས་སྤྱི་སྤྱོད་མཁའ་འགྲུལ་ཞབས་ཞུའི་སྒྲིག་བཀོད་མང་དུ་བཏང་ཡོད་ལ། འཕྲལ་སྡོམ་རོགས་སྐྱོབ་དང་ལམ་ཐུང་སྐྱེལ་འདྲེན་སོགས་ཀུན་སྤྱོད་མཁའ་འགྲུལ་ལས་སྒོ་རྒྱ་སྐྱེད་བཏང་བ། སྟག་རྩེའི་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་ལས་སྟེགས་སུ་བྱས་ཏེ། འཕྲལ་སྡོམ་རོགས་སྐྱོབ་ཐད“ལྗོངས་ཡོངས་བསམ་ཇུས་གཅིག”ལྟ་བུའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་མཁའ་འགྲུལ་གྱི་འཕྲལ་སྡོམ་བཀོད་འདོམས་དོ་དམ་ལྟེ་གནས་བསྐྲུན་ཡོད།

    ཚན་རྩལ་ནུས་པ་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ།

    བོད་ལྗོངས་འདི་ཉིད་མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་སུ་གནས་ཤིང་། དམའ་འཕུར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གནས་ཡུལ་དང་། སྲིད་ཇུས། ཐོན་ཁུངས་སོགས་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་ལ། ས་ཁམས་དང་། གནམ་གཤིས། ཁོར་ཡུག་སོགས་ཐད་ཀྱི་འགྲན་སློང་ཡང་འཕྲད་ཡོད།

    ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་ཀྱི་མ་འཇོག་ལ་གྲོན་ཆུང་བྱེད་པ། གནམ་ཐང་གི་གྲངས་འབོར་ཉུང་བའི་ཞན་ཆ་མགྱོགས་མྱུར་སེལ་བ་བཅས་ཀྱི་ཆེད་དུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་ལག་བསྟར་བྱས་ནས་ཚན་རྩལ་གསར་གཏོད་དེ་ས་མཐོའི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།

    མིག་སྔར་ARJ21གི་སྨན་བཅོས་གནམ་གྲུ་དང་ACཡི་ཐད་འཕུར་གནམ་གྲུ་མང་པོ་བོད་དུ་ཚོད་འཕུར་བྱས་ཤིང་། བོད་དུ་ས་མཐོའི་རྣམ་པའི་མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ་ཚད་ལེན་གྱི་རྟེན་གཞི་འཛུགས་རྒྱུའི་འཆར་འགོད་ཧུར་ཐག་བྱེད་པ་དང་ས་མཐོའི་དམའ་འཕུར་དཔལ་འབྱོར་གྱི་འབྲེལ་ཡོད་འཁོར་རྒྱུག་ཚད་གཞི་བཟོ་བཞིན་ཡོད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཝང་ཀོན་ཅེ་ཡིས། གོམ་སྟབས་རྗེས་མར“སྐྲུན་ཐུབ་པ་དང་། འཕུར་ཐུབ་པ། དོ་དམ་བྱེད་ཐུབ་པ”བཅས་ཀྱི་འགག་རྩའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཁྱབ་ཚུལ་ལུགས་མཐུན་གྱི་གནམ་ཐང་དྲ་བ་སྐྲུན་པ་དང་། བདེ་འཇགས་དང་ནུས་ཆེའི་འཕུར་སྐྱོད་འགན་སྲུང་དྲ་བ་འཛུགས་པ། ཕྱོགས་ཡོངས་ལ་ཁྱབ་པའི་དམའ་འཕུར་མཁའ་ལམ་དྲ་བ་གཏོད་པ། ཚོར་སྣང་སྐྱེན་པའི་འཕྲལ་སྡོམ་རོགས་སྐྱོབ་དྲ་བ་འཛུགས་པ། ཞབས་ཞུ་སྤུས་ལེགས་ཀྱི་ཁྲོམ་རའི་ཉེར་སྤྱོད་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི“དྲ་བ་ལྔའི”ལྟེ་བའི་ལས་འགན་ལྟར། སྤྱི་སྤྱོད་གནམ་ཐང་ཁག་དང་པོ་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། སྤྱི་སྤྱོད་མཁའ་འགྲུལ་གྱི་ཁྲོམ་ར་སྤྱོད་ཁྱོན་སྔར་བས་ཆེ་རུ་གཏོང་བ། སྤྱི་སྤྱོད་མཁའ་འགྲུལ་དོ་དམ་ལམ་སྲོལ་གཙོ་གནད་ཐོག་ལེགས་སུ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། བོད་ཀྱི་དམའ་འཕུར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།