དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུལ་སྐོར་འཛད་སྤྱོད་ལས་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཁོ།   |     སྤེལ་དུས།  2024-07-31

    ཟླ་7ཚེས་12ཉིན་ཡུལ་སྐོར་བ་800ཙམ་བླུགས་པའི་གསར་བརྗེའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཤིན་ཅང་གི་ཧྲི་ཧོ་ཙི་རུ་འབྱོར་ཞིང་། མེ་འཁོར་དེ་ཅང་ཤིས་ནན་ཁྲང་ནས་ཐོན་ཏེ་ཧྲའན་ཤིས་ཡན་ཨན་སོགས་ས་ཆ་བརྒྱུད་པ་དང་ལམ་བར་དུ་ཡུལ་སྐོར་བ་ཚོས་ནན་ཉི་དབན་གསར་བརྗེའི་གནས་ཡུལ་རྙིང་པར་ལྟ་སྐོར་བྱས་པ་རེད། རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་ཀྱིས་བཏོན་པའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་དེ་དབྱར་གསེང་རིང་གི་རིག་གནས་ཡུལ་སྐོར་ཁྲོམ་རའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། དབྱར་གསེང་སླེབས་པ་དང་བསྟུན་ནས་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རར་ཡུལ་སྐོར་བ་མང་ཤོས་དང་འཛད་སྤྱོད་མང་ཤོས་ཀྱི་དུས་ཚིགས་བསུས་ཡོད།

    དབྱར་གསེང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་ནི་ད་ལོ་ཚུན་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་རྒྱུན་མཐུད་འཕར་བའི་བསྡུས་རིས་ཤིག་རེད། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལས་མངོན་པར། རྒྱལ་ནང་གི་ཡུལ་སྐོར་མ་དཔེ་འཐེན་བཤེར་གྱི་བསྡོམས་རྩིས་བྱས་འབྲས་ལ་གཞིགས་ན། 2024ལོའི་ལོ་སྟོད་དུ་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་27.25ཟིན་པ་དེ་དུས་མཚུངས་ལས་14.3%འཕར་ཡོད། ལོ་སྟོད་དུ་རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་འགྲོ་སོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.73བཏང་བ་དེ་དུས་མཚུངས་ལས་19.0%འཕར་ཡོད།

    ཡུལ་སྐོར་འཛད་སྤྱོད་རྒྱུན་མཐུད་འཕར་བ་དེ་མཁོ་སྤྲོད་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་རེད། རིག་གནས་དང་ཡུལ་སྐོར་པུས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་སྤྲོ་གསེང་ཁུལ། ཡུལ་སྐོར་སོས་དལ་ཁྲོམ་གཞུང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་དང་གྲོང་རྡལ། བཟོ་ལས་ཡུལ་སྐོར་དང་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་སོགས་ཡུལ་སྐོར་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། སྣ་མང་ཅན་དང་རང་གཤིས་ཅན་གྱི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པ་བསྐངས་ཡོད། མི་རིང་བའི་གོང་རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གསར་པ་22ཁྱབ་བསྒྲགས་བྱས་རྗེས་རང་རྒྱལ་དུ་རྒྱལ་ཁབ་ཀྱི་Aལྔ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་339དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་85 རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་1399དང་། གཙོ་གནད་གྲོང་རྡལ་198 རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་300བཅས་ཡོད།

    ད་ལོ་ཚུན་རྫོང་ཁོངས་ཀྱི་ཡུལ་སྐོར་ཁུལ་དེ་བས་མང་བར་ཡུལ་སྐོར་བ་མང་པོ་ཡོད། རྫོང་ཁོངས་ཡུལ་སྐོར“ཆུང་ལ་མཛེས་པའི”དབང་གིས་མི་རྣམས་ཀྱི“གསར་འཚོལ་ལེགས་འཚོལ”གྱི་ཡུལ་སྐོར་གྱི་དགོས་མཁོ་དེ་བས་ལེགས་པ་བསྐངས་ཐུབ་ཀྱི་ཡོད། ཡུལ་སྐོར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་ཕྱིན་པ་དང་ཆབས་ཅིག རྫོང་ཁོངས་ཡུལ་སྐོར་བྱ་ཡུལ་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་མཐུད་ཕྱིན་ནས། ནུས་གོང་གཉིས་བསྡུར་མཐོ་བའི་གདམ་ག་ཡག་པོ་ཞིག་ཏུ་གྱུར་ཡོད།

    རྒྱལ་ཁོངས་སུ་འཛུལ་ནས་ཡུལ་སྐོར་བྱེད་ཚད་མགྱོགས་མྱུར་སླར་གསོ་བྱུང་བ་དང་མཛེས་ལྗོངས་ཁུལ་ཆེ་ཁག་ཏུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”རྒྱ་ཆེར་བཏང་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་རྒྱུ་སྟབས་བདེ་རུ་བཏང་བ་ལ་སོགས་རང་རྒྱལ་གྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་བཏོན་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོར་ཡུལ་སྐོར་བྱེད་པ་དེ་དོན་དངོས་སུ་གྱུར་ཡོད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་1463.5ཟིན་པ་དེ་དུས་མཚུངས་ལས་152.7%འཕར་ཡོད། དེའི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་ནང་འཛུལ་མཁན་མི་ཐེངས་ཁྲི་854.2ཟིན་པ་དེ་དུས་མཚུངས་ལས་190.1%འཕར་ཡོད།

    ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ད་དུང་མུ་མཐུད་ཐོན་ངེས་ཡིན་ཞིང་། ཀྲེ་ཅང་གིས“སྤྲོ་སྣང་ལྡན་པའི་དབྱར་དུས་སུ་ཀྲེ་ཅང་དུ་དགའ་བས་རོལ”ཞེས་པའི་2024ལོའི་ཞིང་ཆེན་ཡོངས་ཀྱི་དབྱར་དུས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་གཉེར་བ་དང་། སི་ཁྲོན་ཁྲེང་ཏུའུ་ཡིས་འབྲེལ་ཡོད་ལས་སྟེགས་བརྒྱུད“དབྱར་གསེང་རིང་ཁྲེང་ཏུར་དགའ་བས་རོལ་བའི”རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་3000སྤྲད་པ་ལ་སོགས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ས་གནས་ཁག་གིས་དབྱར་གསེང་རིང་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་སྒོ་ཁག་4000ལྷག་ཙམ་དང་ཐེངས་ཁྲི་3.7ཙམ་སྤེལ་རྩིས་ཡོད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་མཁོ་སྤྲོད་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་བ་སྐུལ་སྤེལ་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།