དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-31

    འདི་ནི་ཟླ་7ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་དང་མཇལ་འཛོམས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་དབྱི་ཐ་ལི་གནའ་བོའི་དར་གོས་ལམ་བུའི་སྣེ་གཉིས་སུ་གནས་པ་དང་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་ཡུན་རིང་གི་མཛའ་མཐུན་འགྲོ་འོང་གིས་ཤར་དང་ནུབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་ཁེ་བཅས་ལྟེ་བར་བྱེད་པའི་དར་གོས་ལམ་བུའི་སྙིང་སྟོབས་ནི་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་ཡིན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་མཐུད་དང་མཐུན་སྒྲིལ་བྱས་ན་མཉམ་དུ་ཡར་རྒྱས་འགྲོ་བ་དང་། བཀག་སྡོམ་དང་ཁ་ཕྲལ་བྱས་ན་རྗེས་ལུས་ཐེབས་ཀྱི་རེད། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོས་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་ལྟ་ཕྱོགས་དང་། འཐབ་ཇུས་ཀྱི་མཐོ་ཚད། ཕུགས་ཀྱི་ཟུར་ཚད་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་བརྟན་ཁྲོད་རྒྱང་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་རྒྱུན་མཐུད་ངང་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱི་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བར་མཐོང་ཆེན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་འདོད་འདུན་ལ་འགྱུར་བ་བྱུང་མེད་པ་དང་། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་མཉམ་ལས་གཉིས་ཕན་གྱི་ངོ་བོར་འགྱུར་བ་བྱུང་མེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་བརྩེ་སེམས་ལ་འགྱུར་བ་བྱུང་མེད། ཕྱོགས་གཉིས་པོས་མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་མཐུད་བྱས་ཏེ་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་མུ་མཐུད་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་ཐོན་ལས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཕན་ཚུན་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོས་ཕན་ཚུན་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲོལ་མ་ཐག་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་མ་ཟད། དབྱི་ཐ་ལི་སོགས་རྒྱལ་ཁབ་ཁག་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་གསར་པ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་མ་འཇོག་དང་། བཟོ་ལས་བཟོ་སྐྲུན། ཚན་རྩལ་གསར་གཏོད། ཕྱོགས་གསུམ་པའི་ཁྲོམ་ར་སོགས་སྲོལ་རྒྱུན་མཉམ་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་གློག་སྒུལ་རླངས་འཁོར་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་ཁེ་ལས་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་དབྱི་ཐ་ལིར་བསྐྱོད་ནས་འཕེལ་རྒྱས་གཏོང་བར་འདྲ་མཉམ་དང་། ཁ་གསལ། བདེ་འཇགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་གྲུབ་འབྲས་ལ་གཅེས་འཛིན་བྱས་ཏེ་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཕྱོགས་གཉིས་ཕན་ཚུན་སྐུལ་འདེད་གཏོང་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

    ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་ལ་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་དབྱི་ཐ་ལིར་བསྐྱོད་པར་ཐོངས་མཆན་སྤྲོད་པའི་བྱེད་ཐབས་སྟབས་བདེ་རུ་གཏོང་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་སུ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱས་ཚེ་གཞི་ནས་གཉིས་ཕན་འཕེལ་རྒྱས་ཡོང་ཐུབ། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ལས་བཙན་དབང་དོན་གཉེར་གཏན་ནས་བྱེད་ཀྱི་མེད། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱོད་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དགེ་མཚན་ལྡན་པ་དང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

    མེ་ལུའོ་ཉིས་གསུངས་དོན། 2022ལོའི་ཟླ་11པར་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱུང་རྗེས་ཁ་ཆད་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ལོ་ནི་དབྱི་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་དང་མཱ་ཁེ་·པོ་ལུའོ་སྐུ་གཤེགས་ནས་ལོ་700འཁོར་བའི་ལོ་དང་ཏག་ཏག་འཁེལ་ཡོད། ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཡིན་པའི་དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་མྱོང་རོལ་དང་ཕན་ཚུན་དཔྱད་གཞིར་འཛིན་གྱི་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་རྒྱལ་ཁབ་ཆེན་པོ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་ཕྱོགས་དང་དེ་བས་དམ་ཟབ་དང་དེ་བས་ཆུ་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་དབྱི་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཏེ་འཛམ་གླིང་ཞི་བདེ་དང་ཡར་ཐོན་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།