དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-31

    ཟླ་7ཚེས་29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཨོར་ཐ་དང་ཕྱག་གཏོང་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ནི་ཐི་མོར་ཤར་མའི་རྒྱལ་བཙུགས་ལ་མཛད་རྗེས་ཆེན་པོ་འཇོག་མཁན་དང་ཀྲུང་གོ་དང་ཐི་མོར་ཤར་མ་དབར་གྱི་མཛའ་གྲོགས་བྱ་གཞག་ལ་རྨང་གཞི་འདིང་མཁན་ཡིན། ཁྱེད་འཚམས་འདྲིར་ཕེབས་པ་དེ་ནི་ཐི་མོར་ཤར་མའི་ཙུང་ཐུང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པས། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཐི་མོར་ཤར་མའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་གོ་ནི་ཐི་མོར་ཤར་མའི་རང་བཙན་ཁས་ལེན་བྱེད་མཁན་དང་ཐི་མོར་ཤར་མ་དང་ཕྱི་འབྲེལ་བཙུགས་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་ཆབ་སྲིད་ལམ་ལུགས་དང་། འཕེལ་རྒྱས་ཆུ་ཚད། ལོ་རྒྱུས་རིག་གནས་བཅས་མི་འདྲ་བའི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་དཔེ་མཚོན་དུ་གྱུར་ཡོད། གཟའ་འཁོར་གཉིས་ཀྱི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཏེ་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་ཐོབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐི་མོར་ཤར་མ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐི་མོར་ཤར་མ་དང་མཉམ་དུ“དེ་བས་མཐོ་བ་གསུམ”གྱི་དམིགས་ཚད་ལ་ཕྱོགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད། གཅིག་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་གཉིས་པོའི་འབྲེལ་བ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐི་མོར་ཤར་མས་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་བྱས་པའི་འབད་བརྩོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཐི་མོར་ཤར་མ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་དང་འཕེལ་རྒྱས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཏེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་ཁ་ཕྱོགས་ཆེན་པོའི་ཕྱོགས་སུ་མདུན་སྐྱོད་བྱེད་འདོད་ཡོད། གཉིས་ནས་གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་དངོས་སྒྲུབ་མཉམ་ལས་བྱེད་དགོས། ཐོན་ལས་དར་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འབྲུ་རིགས་རང་མཁོ་རང་སྤྲོད། དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ཆེ་གྲས་བཞིའི་མཉམ་ལས་ལ་དམིགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བྱེད་པ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཆུ་བེད་འཛུགས་སྐྲུན་དང་། ཆུ་གྲོན་ཆུང་ངང་ཞིང་ཆུ་འདྲེན་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་དང་ལག་རྩལ་མཉམ་སྤྱོད་བཅས་བྱེད་པ། ཆུ་འབྲས་འདེབས་གསོ་སོགས་ཀྱི་ཞིང་ལས་མཉམ་ལས་ལག་བསྟར་ཡག་པོ་བྱེད་པ། ཉ་ལས་དང་དབུལ་པོ་ཉུང་གཏོང་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐི་མོར་ཤར་མའི་དཔལ་འབྱོར་རང་བདག་དང་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རོགས་རམ་བྱེད་ཀྱི་ཡིན། གསུམ་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རིམ་པ་དེ་བས་མཐོ་བའི་ཕྱོགས་མང་མཉམ་ལས་སྤེལ་བ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་དགོངས་དོན་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་ཐི་མོར་ཤར་མ་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་གསུམ་པའི་མཉམ་ལས་ལས་དོན་དེ་བས་མང་བ་སྤེལ་འདོད་ཡོད།

    ཨོར་ཐ་ཡིས། 1976ལོ་ནས་བཟུང་། ངས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་ཏེ་ཀྲུང་གོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དངོས་སུ་མཐོང་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་དབུལ་པོ་དབུལ་ནག་མེད་པ་བཟོས་པ་དེ་མིའི་རིགས་ཀྱི་ངོ་མཚར་ཞིག་རེད། འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འཛམ་གླིང་གི་དུས་བབ་མདུན་དུ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་མ་ཟད། སོ་ཏི་ཨ་རབ་དང་དབྱི་རན་དང་དེ་བཞིན་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་དབར་འདུམ་འགྲིག་བྱ་རྒྱུ་སྐུལ་འདེད་བཏང་སྟེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཏེ་ཞི་བདེ་དང་འགན་འཁུར་མཁན་གྱི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་ནུས་པ་དང་ཤུགས་རྐྱེན་མངོན་པར་བྱས་ཡོད། ཀྲུང་གོས་དུས་ཡུན་རིང་པོར་ཐི་མོར་ཤར་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་ཏོག་གསར་རིམས་གནད་ལ་ཁ་གཏད་གཅོག་པར་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐི་མོར་ཤར་མས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་འབྲུ་རིགས་བདེ་འཇགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐི་མོར་ཤར་མས་རྒྱལ་ཁབ་ཀྱི་རང་བདག་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།