མང་ཚོགས་དེ་བས་བདེ་སྐྱིད་ལྡན། མཐའ་སྲུང་དེ་བས་སྲ་ཞིང་བརྟན།
—— བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་གྱི་བསྡུས་བྲིས།
རི་སྟེང་གི་ཀྱག་ཀྱོག་གཞུང་ལམ་བརྒྱུད་གཤམ་དུ་བསྐྱོད་པ་ན། ཐོག་དམར་པོའི་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་མིག་ལམ་དུ་འཆར། དེ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་དུ་གནས་པའི་མག་མག་མོན་པ་མི་རིགས་ཤང་ཡིན་ལ། བོད་རིགས་བུ་མོ་སྒྲོལ་མ་འཚོ་བ་སྐྱེལ་སའང་ཡིན།
“ལེགས་པོ་རོང་གི་ངོ་མཚར་མཛེས་ལྗོངས་དང་མོན་པ་མི་རིགས་ཀྱི་དམིགས་བསལ་གོམས་སྲོལ་གྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག ང་ཚོའི་དེ་གར་དུད་ཚང་ཚང་མས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་བཙུགས་ཡོད”སྒྲོལ་མས་གཉེར་སྐྱོང་བྱེད་པའི“རི་གྲོང་གི་མགྲོན་ཁང་ཡག་ཤོས”ནི་ཐོག་སོ་གསུམ་ལྡན་ཡིན་ཞིང་། ཐོག་སོ་དང་པོར་ཤིང་ཕོར་དང་ཇ་ལོ་སོགས་ས་གནས་དེའི་ཁྱད་ལྡན་ཐོན་རྫས་ཚོང་བ་དང་། ཐོག་སོ་གཉིས་པ་དང་གསུམ་པར་འགྲུལ་པ་ཞག་སྡོད་བྱེད་ས་རེད།
“ད་ཆ་ཁྱིམ་ཚང་མགྲོན་ཁང་ཁོ་ནར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་འདུག ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་2014ལོར་མག་མག་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ་དང་། 2015ལོར་དངོས་སུ་སྤྱོད་འགོ་ཚུགས་ནས་ངའི་ཁྱིམ་ཚང་ཡང་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་ཁང་པ་གསར་པར་སྤོས་ལ། ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་བཙུགས་པ་ཡིན། དུས་རྒྱུན་ལས་ཀ་མེད་དུས་ངས་ད་དུང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཁག་གཅིག་བསླས་ནས་འཚོང་གི་ཡོད། དེའི་ཁར་ངའི་བཟའ་ཟླའི་རླངས་འཁོར་གཏོང་རྩལ་ཡག་པོ་ཡོད་པ་དང་ཡུལ་སྐོར་བ་མང་བའི་དུས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས། ཁྱིམ་གྱི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་གི་འདུག”ཅེས་སྒྲོལ་མས་བཤད།
“ཤང་དུ་ང་ཚོའི་ཁྱིམ་ཚང་གི་ཆུ་ཚད་འབྲིང་ཙམ་རེད། ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་དང་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས། ཉེ་བའི་ལོ་ཤས་རིང་མག་མག་མོན་པ་མི་རིགས་ཤང་གིས་ས་གནས་དེ་གའི་མང་ཚོགས་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་གནས་ཚང་སོགས་འཕེལ་རྒྱས་བཏང་ཡོད། 2023ལོར་མག་མག་མོན་པ་མི་རིགས་ཤང་ཡོངས་ཀྱི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1266.3ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29801.6ཟིན་གྱི་ཡོད”ཅེས་སྒྲོལ་མས་བཤད།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་ཇ་འདེབས་ཞིང་པ་གྲུང་ཏོག་གིས་བྱང་ཆ་དོད་པོས་གསར་དུ་བཏུས་པའི་ཇ་ལོ་སླེ་བོའི་ནང་བླུགས་པ་དང་།“ངའི་ཁྱིམ་གྱི་ཇ་ཞིང་མུའུ་20ལྷག་ཙམ་ཡོད་པར་ཐོན་འབབ་ལེགས་པ་དང་སྤུས་ཚད་ཡག་པོ་ཡོད། ལོ་ལྟར་ཇ་འཐུ་བ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོང་གི་འདུག རྫོང་གིས་ཇ་འདེབས་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པར་ངར་སེམས་ཤུགས་ཆེན་པོ་ཡོད”ཅེས་གྲུང་ཏོག་གིས་བཤད། 2012ལོར་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཇ་སོན་ནང་འདྲེན་བྱས་ཤིང་། ལོ་10ལྷག་ཙམ་འཕེལ་རྒྱས་ཤུགས་ཆེན་བཏང་བས་རྫོང་ཡོངས་ཀྱི་ཇ་སོན་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.9ཟིན་གྱི་ཡོད།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་ཚོང་དུད་མིག་དམར་གྱིས་ཚོང་ཁང་ནང་གི་ཚོང་ཟོག་སྒྲིག་ཞོར་དུ་ཚོང་ཁང་ནང་བློ་འདྲི་བྱེད་པར་ཡོང་མཁན་ནེ་པ་ལའི་ཡུལ་སྐོར་བར་ཚོང་ཟོག་ངོ་སྤྲོད་བྱེད་ཀྱི་ཡོད། “སྐྱིད་གྲོང་འགག་སྒོའི་ཚོང་དོན་ལ་བརྟེན་ནས་ཚོང་ཁང་དུ་བློ་འདྲི་དང་ཚོང་ཟོག་ཉོ་བར་ཡོང་མཁན་མང་པོ་ཡོད། ཚོང་ཁང་ནང་ཉིན་ལྟར་ལས་གཉེར་ཡོང་འབབ་སྒོར་ཁྲི་ཁ་ཤས་རག་གི་འདུག”ཅེས་ཁོང་གིས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་མཐའ་མཚམས་ཀྱི་དངུལ་འབོར་ཉུང་བའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་15.7ཟིན་པ་དང་97.1%འཕར་ནས་མཐའ་མཚམས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོར་བརྟེན་ནས་རྒྱ་ཆེའི་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཚོའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ་དང་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
མངའ་རིས་ས་ཁུལ་རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོར་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་གྲོང་མི་བསྟན་ཆོས་བཟང་པོས་རང་ཉིད་ཐེངས་མང་བསྐྱོད་མྱོང་བའི་སྐོར་སྐྱོད་ལམ་བུར་སྐོར་གཡེང་བྱེད་བཞིན་འདུག ཁོང་གིས་མིག་སྔར་ཁྱིམ་ཚང་ལ་ཞིང་ཁ་དང་ལུག་ཡོད་པ་དང་། ལོ་ལྟར་ཞིང་འདེབས་པ་དང་ལུག་འཚོ་བར་བརྟེན་ནས་ཡོང་འབབ་སྒོར་ཁྲི་ལྷག་ཙམ་རག་པ་མ་ཟད། གཟན་རྩྭའི་ཁ་གསབ་དང་མཐའ་མཚམས་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བསྣན་པས་འཚོ་བའི་ཆུ་ཚད་ལོ་རེ་བཞིན་ལེགས་སུ་འགྲོ་གི་ཡོད་ཅེས་བཤད་པ་དང་། ཁོང་གིས“མཐའ་མཚམས་སྲུང་བ་ནི་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་དང་མིག་སྔའི་བདེ་སྐྱིད་འཚོ་བ་སྲུང་སྐྱོང་བྱེད་པ་ཞིག་རེད། ང་དེ་གར་སྐྱེས་པ་དང་དེ་གར་འཚོ་བ་སྐྱེལ་བཞིན་ཡོད་པས་མཐའ་མཚམས་སྲུང་སྐྱོང་གི་འགན་འཁྲི་ངེས་པར་དུ་འཁུར་དགོས་པ་དང་། མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་ཆེད་ནུས་ཤུགས་འདོན་ཐུབ་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བཤད།