ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་སྐབས་བདུན་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་འགོ་ཁྲིད་པའི་གླེང་སྟེགས་སྐབས་བདུན་པ་ཧུའུ་ནན་དུ་གཉེར་བ།
ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་དམངས་ཁྲོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
ཟླ་7ཚེས་24ནས་ཚེས་26ཉིན་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་སྐབས་བདུན་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་འགོ་ཁྲིད་པའི་གླེང་སྟེགས་སྐབས་བདུན་པ་ཧུའུ་ནན་དུ་གཉེར་བ་རེད། ད་རེས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད། ཐུན་མོང་ཐོག་འཕེལ་རྒྱས་གསར་པ་དོན་གཉེར་བྱེད། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་དམངས་ཁྲོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་པ་ཡིན་ཞིང་། ཀྲུང་གོ་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ལྷག་ཙམ་ནས་ཡོང་བའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། གཞོན་ནུ་འགོ་ཁྲིད་པ། དེ་བཞིན་སྲིད་གཞུང་མིན་པའི་རྩ་འཛུགས་དང་། སྨྱན་སྦྱོར། རིག་མཛོད་བཅས་ཀྱི་འཐུས་མི་སོགས་མི་300ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་དང་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྐོར་གླེང་བ་མ་ཟད། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་སྐོར་ལ་ཡང་གྲོས་བསྡུར་བྱས་པ་རེད།
“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ”
ད་རེས་ཀྱི་བྱེད་སྒོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་འགོ་ཁྲིད་པའི་གླེང་སྟེགས་མཉམ་འབྲེལ་ཐོག་ཐེངས་དང་པོར་གཉེར་བ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཆེད་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཚོགས་འདུ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་གོང་དུ་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བྱེད་ཐབས་གལ་ཆེན་ངོ་སྤྲོད་བྱས་པ་རེད།
ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ—རྒྱལ་གཅེས་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་མུའུ་པོ་ཧྥུའུ་ཡིས། འདི་ག་ཚགས་པར་གྱི་གསར་འགོད་པར་ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཇི་ལྟར་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ལུགས་ཤེས་རྟོགས་གཏིང་ཟབ་ཡོང་བའི་རེ་བ་ཡོད་ལ། ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཐུབ་པའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད། མུའུ་པོ་ཧྥུའུ་ཡིས་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། “ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ཀྲུང་གོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་མ་ཟད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གོ་སྐབས་དེ་བས་མང་པོ་བསྐྲུན་རྒྱུའང་ཡིན་པའི་ཡིད་ཆེས་ཡོད”ཅེས་མུའུ་པོ་ཧྥུའུ་ཡིས་བརྗོད།
ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་ཀྲེ་ཧྲེང་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཨའེ་ཧ་མའེ་ཏེ·ཨ་ཁ་ལི་མུའུ་ཡིས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཆེད་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཚོགས་འདུར་ཞུགས་པ་ལས་ང་རང་ལ་ཕན་པ་ཆེན་པོ་ཐོབ་བྱུང་། ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། ཀྲུང་གོ་མི་དམངས་མཛའ་མཐུན་དང་སེམས་རྩ་འཁོལ་པོ་འདུག་ཅེས་བརྗོད། “ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རོགས་ཟླ་ཡག་པོ་ཞིག་ཡིན། ཕྱོགས་མང་པོའི་ཐད་ཨ་ཧྥེ་རི་ཁར་རོགས་རམ་བྱེད་མྱོང་ཡོད། ཐུ་ནི་སིས་ཀྲུང་གོ་དང་སྲིད་ཏང་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད”ཅེས་ཨ་ཁ་ལི་མུའུ་ཡིས་བརྗོད།
“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དམངས་ཁྲོད་ཀྱི་མཛའ་མཐུན་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱ་རྒྱུ”
གླེང་སྟེགས་རིང་ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་དང་། རྒྱལ་སྤྱིའི་དང་བླངས་ཞབས་ཞུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་རིག་མཛོད་སྤེལ་རེས། བུད་མེད་དང་བྱིས་པ་དང་དབང་པོ་སྐྱོན་ཅན་ལས་དོན་མཉམ་ལས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་མཛའ་གྲོགས་སྤེལ་རེས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་དངོས་སྒྲུབ་མཉམ་ལས་ཀྱིས་ཕྱོགས་གཉིས་པོའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་བརྗོད་པ་རེད།
“ད་ཐེངས་ཀྱི་གླེང་སྟེགས་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དམངས་ཁྲོད་ཀྱི་མཛའ་གྲོགས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་རྒྱུ་ཡིན” ཨེ་ཅིབ་ཀྱི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཁོངས་མི་ཨའེ་ཧ་མའེ་ཏེ·ཡཱ་ཀེ་པུའུ་ཡིས། ད་ཐེངས་ནི་ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། ད་རེས་ཀྱི་འཚམས་འདྲི་བརྒྱུད་ངས་ཀྲུང་གོ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བའི་གྲུབ་འབྲས་མཐོང་བྱུང་ཞེས་བརྗོད། “ད་ཐེངས་ཀྱི་གླེང་སྟེགས་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོར་འགྱུར་ལྡོག་འགྲོ་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ལ་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་ཐོབ་ཡོད། སླད་ཕྱིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོས་སྤེལ་རེས་དང་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་དང་། ཕན་ཚུན་གྱི་རིག་གནས་དང་ལོ་རྒྱུས་ལ་ཤེས་རྟོགས་བྱ་རྒྱུ། དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་བྱ་རྒྱུའི་རེ་བ་ཡོད”ཅེས་ཡཱ་ཀེ་པུའུ་ཡིས་བརྗོད།
ཁེན་ནི་ཡ་རླུང་འཕྲིན་ཀུང་སིའི་འཐུས་མི་ཨེ་ལི་ཁེ·པེ་ཀུང་གིས། མིག་སྔར་ཨ་ཧྥེ་རི་ཁར་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ལ་བརྟེན་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཆེན་པོ་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཨ་ཧྥེ་རི་ཁར་འཕྲད་པའི་འགྲན་སློང་ཤེས་རྟོགས་གསལ་པོ་ཐུབ་ཀྱི་ཡོད་པས་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་ལེན་བསྟར་ཆོག་པའི་ཇུས་གཞི་མཁོ་འདོན་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ”དང་། “ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་ལ་རམ་འདེགས་བྱེད་པའི་འཆར་གཞི” “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་ལས་འཆར་གཞི”བཅས་བྱེད་ཐབས་གསུམ་བཏོན་ནས་ལག་བསྟར་བྱས་ཏེ། ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐངས་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ”
“ད་རེས་ཀྱི་གླེང་སྟེགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དམངས་ཚོགས་ལ་ཐད་ཀར་འབྲེལ་བ་དང་འགྲོ་འོང་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད། དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་ཕན་པ་ཞིག་ཡིན” ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧ་ལི་ཏེ·པུའུ་ཏ་ལིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་མངོན་མེད་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ལ། དམངས་ཁྲོད་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་ཡོད། ཁོང་གིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སློབ་གསོའི་སྒྲིག་གཞི་དང་ཤེས་ལྡན་པ་གསོ་སྐྱོང་ཐད་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ། ཨ་ཧྥེ་རི་ཁའི་སྨྱན་སྦྱོར་དང་ཀྲུང་གོའི་སྨྱན་སྦྱོར་གྱིས་ཀྱང་མཉམ་ལས་ལམ་སྲོལ་དེ་བས་མང་བ་བཙུགས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དམངས་ཁྲོད་ཀྱི་ཕྱི་འབྲེལ་མཉམ་ལས་གཏམ་རྒྱུད་ཐུན་མོང་ཐོག་བརྗོད་རྒྱུའི་རེ་བ་ཡོད་ཅེས་བརྗོད།
“ཉེ་བའི་ལོ་ཤས་རིང་རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་སུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་སྤེལ་རེས་མཉམ་ལས་སྔར་བས་མང་དུ་དང་ཟབ་ཏུ་འགྲོ་བཞིན་ཡོད” མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་སྨི་ཤེར·ཤིས་ཏི་པེས“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གང་སར་གྲུབ་འབྲས་ཐོབ་པའི་གཏམ་རྒྱུད་ཤ་སྟག་རེད”ཅེས་བརྗོད།