དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན།

    —— རྒྱ་ཆེའི་ཤེས་ཡོན་ཅན་དང་གཞོན་ནུ་སློབ་མའི་ཁྲོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་ གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-30

    ཉིན་ཤས་བསྟུད་མར། རྒྱ་ཆེའི་ཤེས་ཡོན་ཅན་དང་གཞོན་ནུ་སློབ་མ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པས། དེ་བས་སྙིང་སྟོབས་རབ་ཏུ་འཕེལ། རྒྱལ་ས་ནས་མཐའ་མཚམས་བར་དང་། སློབ་ཆེན་སློབ་གླིང་ནས་གསར་གཏོད་ཀྱི་འཐབ་ཕྱོགས་དང་པོའི་བར་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དད་སེམས་དེ་བས་བརྟན་པོ་དང་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད།

    འགོ་འཛུགས་ས་གསར་པར་སླར་ཡང་སྐུལ་སློང་གི་བཀའ་རྒྱ་བཏང་།

    ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལག་ལེན་གྱི་རྒྱུན་མཐུད་ཀྱི་ལེའུ་ཞིག་ཡིན་ལ། རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན།

    “དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་ཡོད” ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་དང《གཏན་འབེབས》ཞིབ་ཀློག་ནན་ཏན་བྱས་རྗེས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཝང་ཧུའུ་ཞུའེ་ཡིས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། ཞིབ་འཇུག འགྲེལ་བཤད། དྲིལ་བསྒྲགས་བཅས་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད།

    བྱང་ཤར་གྱི་ས་གཞི་ནག་པོ་སྔོ་ལྗང་གིས་བརྒྱན་ལ་སྙེ་མའི་རྦ་རླབས་འཕྱུར་བཞིན་འདུག གཞི་རིམ་དུ་བརྟག་ཞིབ་བྱས་ནས་ལོག་མ་ཐག་པའི་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་ཧན་ཀུའེ་ཆིང་གིས་འཕྲལ་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། ཁོང་གིས་སྒྱུར་བཅོས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྒྱ་སྟོབས་མུ་མཐུད་ཆེ་རུ་བཏང་བར་བརྟེན་ཞིང་པའི་སྤོབས་སེམས་ཆེ་རུ་ཕྱིན་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད། འབྱུང་འགྱུར་ད་དུང་མུ་མཐུད་སྒྱུར་བཅོས་ལ་བརྟེན་ནས་ཀྲུང་གོའི་ལྟོ་ཕོར་བརྟན་པོར་བཟུང་ཐུབ་པ་བྱེད་ཀྱི་ཡིན་ལ། ཞིང་པ་དེ་བས་མང་བ་དེང་རབས་ཅན་གྱི་ལམ་བུར་ཐུན་མོང་ཐོག་མདུན་སྐྱོད་བྱེད་པར་རོགས་རམ་བྱེད་ཀྱི་ཡིན་ཞེས་བཤད།

    ཡུན་རིང་མ་སོང་གོང་། ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དཔེ་བླངས་ནས་ཕྱིར་ལོག་ཐེངས་དང་པོ་བྱས་པ་དེ་ནི་རང་རྒྱལ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད།

    “ཟླ་བའི་གོ་ལའི་འཚོལ་ཞིབ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་དེ་ལས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་མངོན་ཡོད། ལོ་ཉི་ཤུ་ཡི་རིང་ཟླ་དཔྱད་འདུ་འགོད་ཀྱིས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་འདོན་སྤེལ་བྱས་པ་མ་ཟད། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་ལྷོད་མེད་བྱས་པར་བརྟེན་མཁའ་འགྲུལ་གྱི་བྱས་རྗེས་གསར་པ་ཡང་ནས་ཡང་དུ་བཞག་ཡོད། ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཧུའུ་ཧའོ་ཡིས་དགའ་ཚོར་ཆེན་པོས“འགོ་འཛུགས་ས་གསར་པར། ང་ཚོས་དཀའ་ཚེགས་དང་འགྲན་སློང་ལ་མི་སྐྲག་པར་ཡང་རྩེར་འཛེག་ཕོད་པའི་གོམ་སྟབས་སྤོ་མཚམས་མི་འཇོག་པར་དེ་བས་རྒྱ་ཆེ་བའི‘སྐར་མའི་རྒྱ་མཚོ’རུ་བསྐྱོད་ཀྱི་ཡིན”ཞེས་བཤད།

    ཁ་ཕྱོགས་གསལ་པོ་བཟོས་ནས་དུས་ཚོད་བརྩོན་ལེན་གྱིས་དོན་འཁྱོལ་ལ་སྐུལ་འདེད་བཏང་།

    རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔ་ཙམ་མ་འཇོག་དང་། མ་འཇོག་ཆུང་ངུ་། ཡུན་རིང་མ་འཇོག ཚན་རྩལ་ལ་མ་འཇོག་བཅས་ཀྱི་ཡུན་རིང་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཡོད། ཀྲུང་གོ་ཚན་རྩལ་ཁྲོང་ཤིང་གསར་གཏོད་མཉམ་གཉེར་པ་སྨི་ལེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་གསར་གཏོད་འགྲན་ལམ་སྐོར་གྱི་སྒྱུར་བཅོས་ཀྱི་ཁེ་སྤོགས་ལ་དོ་སྣང་ཆེན་པོ་བྱུང་ཡོད།

    ཀྲུང་གོ་ཚན་རིག་ཁང་ཤིས་ཨན་འོད་འཕྲུལ་སུའོ་ཡི“ཚན་ཞིབ་པ”ནས་ཚན་རྩལ“ལས་གཏོད་པར”གྱུར་པའི་སྨི་ལེས་ངར་ཤུགས་ཀྱིས་ཁེངས་བཞིན“ང་ཚོས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཁྲོད་གོ་སྐབས་བཟུང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཨན་ཧུའེ་ཧོ་ཧྥེར་གནས་པའི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཚོད་ལྟ་ཁང་ཞིག་ནས་གློག་འོད་རབ་ཏུ་གསལ་ཞིང་། ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཡའོ་ཧྭ་ཅན་གྱིས་སློབ་མ་ཚོ་མཉམ་དུ་ས་ཡོམ་རླབས་ཕྲེང་གི་བརྙན་གྲུབ་ཞིབ་འཇུག་བྱེད་བཞིན་ཡོད། རིག་གཞུང་གསར་གཏོད་རྣམ་པའི་ཤེས་ལྡན་པ་དང་ལག་ལེན་གསར་གཏོད་རྣམ་པའི་ཤེས་ལྡན་པ་རིགས་དབྱེ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭ་དེའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཉེ་བའི་ལོ་ཤས་རིང་གི་གཙོ་གནད་འཚོལ་ཞིབ་ཅིག་རེད།

    “ང་ཚོས་རྒྱལ་ཁབ་རིམ་པའི་ཚན་ཞིབ་སྟེགས་བུ་དང་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་སྡེབ་གཅིག་ཏུ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་རྒྱུན་ཆད་མེད་པར་བསལ་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་སྐྲུན་པར་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཡའོ་ཧྭ་ཅན་གྱིས་བཤད།

    ཝུའུ་ཤིས་གྲོང་ཁྱེར་ཤིན་ཝུའུ་ཆུས་ཅང་ཤིས་རྒན་རྒོན་ལུས་གསོ་ལྟེ་གནས་སུ་ཁྲང་ཧྲ་དམངས་སྲིད་ལས་རིགས་ལག་རྩལ་སློབ་གླིང་གི་2020ལོའི་རིག་ནུས་བདེ་ཐང་རྒན་གསོའི་ཞབས་ཞུ་དང་དོ་དམ་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཝང་ཧྲའོ་དབྱིན་གྱིས་ལས་དོན་པར་ཚོར་ཤེས་ཉམས་པའི་རྒན་རྒོན་ལ་ལྟ་རྟོག་བྱེད་སྟངས་སློབ་བཞིན་འདུག ཚང་འཛོམས་གྲོས་ཚོགས་ཐོག་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད་པས་ཝང་ཧྲའོ་དབྱིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན“སྒྱུར་བཅོས་ཀྱི་འཆར་གཞི་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པས། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་སྒྲུབ་ཐུབ”ཅེས་བཤད།

    སྟོབས་ཤུགས་གཅིག་སྒྲིལ་གྱིས་མུ་མཐུད་འབད་འཐབ་བྱས་ནས་ལེའུ་གསར་བརྩམས།

    པེ་ཅིང་འགྲིམ་འགྲུལ་སློབ་ཆེན་རང་འགུལ་ཅན་དང་རིག་ནུས་སློབ་གླིང་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུན་དབྱིན་ཧུང་གིས་དགེ་རྒན་དཔུང་ཁག་གི་སྣེ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད། “ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་དང《གཏན་འབེབས》ནང་དམ་པ་དོན་གཉེར་གྱི་ཐོག་ནས་སྒྱུར་བཅོས་མཐའ་གཅིག་ཏུ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བརྒྱུད་བསྒྲགས་བྱས་པས། རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ང་ཚོར་གདེང་ཚོད་ཆེན་པོ་ཡོད”ཅེས་ཝུན་དབྱིན་ཧུང་གིས་བཤད།

    ཀྲུང་གོ་མཛེས་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞུང་ཅུན་ལིང་གིས་གྲོང་གསེབ་མང་པོར་བསྐྱོད་དེ“སྒྱུ་རྩལ་ལ་བརྟེན་ནས་གྲོང་གསེབ་འཛུགས་སྐྲུན”དང“མཛེས་རིག་སློབ་ཚན”ཁྲིད་ནས་སྦྱངས་པའི་ཤེས་བྱ་དང་བླངས་ཞབས་ཞུའི་ལས་དོན་ཟུང་འབྲེལ་བྱས་ཡོད།

    “རིག་གནས་སྒྱུ་རྩལ་ནི་མཛེས་པ་དོན་གཉེར་བྱས་པ་ཞིག་ཡིན་ལ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད”ཞུང་ཅུན་ལིང་གིས་ཆེད་ལས་ཧུར་ཐག་སྦྱངས་ཏེ་ལང་ཚོ་སྒྱུར་བཅོས་བྱ་གཞག་ལ་ཕུལ་ནས་སྒྱུ་རྩལ་བརྩམས་ཆོས་དུས་རབས་དང་། འཚོ་བ། མི་དམངས་བཅས་དང་འབྲེལ་འདྲིས་བྱས་ཏེ་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་ལེགས་སྐྱེས་འབུལ་གྱི་ཡིན“ཞེས་བཤད།

    “ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ང་ཚོ་གཞོན་ནུ་མི་རབས་ཚོར་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་རྒྱུར་དེ་བས་ཕུན་སུམ་ཚོགས་པའི་གོ་སྐབས་སྦྱིན་ཡོད་ལ་དེ་བས་ལེགས་པའི་མཐུན་རྐྱེན་བསྐྲུན་ཡོད”པེ་ཅིང་སློབ་ཆེན་རྩིས་རྒྱག་འཕྲུལ་འཁོར་ཉེར་སྤྱོད་ལག་རྩལ་ཆེད་ལས་ཀྱི་འབུམ་རམས་པ་ལིའུ་ལི་མིང་གིས་རྩ་གསུམ་བརྙན་ལམ་བཟོ་བ་དང་བརྒྱུད་གཏོང་བྱེད་པའི་རིག་ཚན་བརྒལ་བའི་ཁྱབ་ཁོངས་སུ་འབད་འཐབ་བྱེད་བཞིན་ཡོད། “ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཁྲིད་སྟོན་ལྟར་ཆེད་ལས་ལ་གཞི་ཚུགས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་དགོས་མཁོར་ཕྱོགས་ནས་གསར་གཏོད་ཧུར་ཐག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་ལང་ཚོ་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།