རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མལ་གྲོ་གུང་དཀར་དུ་བསྐྱོད་དེ“ལྗང་མདོག་གཏེར་རི་འཛུགས་སྐྲུན”ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས“རིམ་གསུམ”གྱི་སྲིད་གྲོས་ཨུ་ཡོན་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱི་སྣེ་ཁྲིད་དེ“ལྗང་མདོག་གཏེར་རི་འཛུགས་སྐྲུན”ལ་དམིགས་ནས་མལ་གྲོ་གུང་དཀར་རྫོང་བོད་ལྗོངས་ཅུས་ལུང་ཟངས་ལས་དང་ཧྭ་ཐའེ་ལུང་གཏེར་ལས་སུ་དམངས་གཙོའི་ལྟ་སྐུལ་བྱེད་པར་བསྐྱོད་ཅིང་། ས་ཡུལ་དངོས་སུ་གཟིགས་ཞིབ་དང་། སྙན་སེང་ཉན་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་ཐབས་ལམ་བརྒྱུད་གཏེར་རིའི་ཁོར་ཡུག་བཅོས་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོང་དང་། ཚན་རྩལ་གསར་གཏོད་དང་ལྗང་མདོག་ལག་རྩལ་བཀོལ་སྤྱོད། སྤྱི་ཚོགས་ཀྱི་འགན་འཁྲི་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། “ལྗང་མདོག་གཏེར་རི་འཛུགས་སྐྲུན”བྱེད་པ་ནི་གཏེར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་ལ་སྐུལ་མ་གཏོང་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། “ལྗང་མདོག་གཏེར་རི་འཛུགས་སྐྲུན”སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་སྒྱུར་འཚོལ་ཞིབ་བྱེད་ཟབ་ཏུ་གཏོང་དགོས། སྡེ་ཚན་ཁག་གིས་མཉམ་ལས་གཏིང་ཟབ་བྱེད་པ་དང་། གཞོགས་འདེགས་དམ་ཟབ་བྱེད་པ། ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་དོན་གྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། “ལྗང་མདོག་གཏེར་རི་འཛུགས་སྐྲུན”གྱི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གྲོས་ཀྱིས་ཏང་སྲིད་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་བཅར་འདྲི་བརྟག་ཞིབ་ཧུར་ཐག་བྱེད་པ་དང་བསམ་འཆར་དང་གྲོས་འགོ་བཏོན་ནས། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།