དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཞི་རིམ་སྒྲོག་འགྲེལ་པའི་སྙན་ཞུའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-30

    ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཞི་རིམ་སྒྲོག་འགྲེལ་པའི་སྙན་ཞུའི་སྒྲོག་འགྲེལ་བྱེད་སྒོ་ལྷ་སར་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། རང་ལྗོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཁྱབ་གདལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁྱབ་གདལ་གཏོང་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བཟུང་ནས“མོས་སེམས་ལྔ”ཟབ་ཏུ་གཏོང་རྒྱུ་འགག་རྩར་བརྩི་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་གྱི་འབྲེལ་བ་གསོན་ཉམས་དོད་པོས་མངོན་པར་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོར་ནུས་ཤུགས་གཅིག་ཏུ་སྒྲིལ་བ། སྣ་མང་ཕུན་སུམ་ཚོགས་པའི་སྐད་ཡིག་དང་རིག་གནས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་དགོས། བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྩ་བའི་ལས་འགན་དུ་བརྩིས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་དེ་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ནང་བཅུག་པ། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་སྐད་ཆ་དང་། སེམས་པ། ལས་དབང་བཅས་གཅིག་མཐུན་ཡོང་བར་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་རྩ་བའི་འགན་ལེན་དུ་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་སྤྱི་སྐད་ཁྱབ་གདལ་གཏོང་བའི་ལས་དོན་གྱི་བྱེད་ཕྱོགས་ལ་གཞིགས་ནས་མང་ཚོགས་ཞུགས་པ་དང་སློབ་སྦྱོང་བྱེད་བདེ་བའི་དྲིལ་བསྒྲགས་སློབ་གསོ་གཏོང་སྟངས་དེ་བས་མང་བ་གཏོད་པ། “སྤྱི་སྐད་ཤོད་པ་དང་ཚད་ལྡན་ཡི་གེ་འབྲི་བའི”རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཞི་རིམ་སྒྲོག་འགྲེལ་པ་8ཀྱིས་སྙན་སེང་སྒྲོག་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།