འཕེལ་རྒྱས་གཏོང་གིན་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་དགོས།
—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་7ཚེས་15ཉིན་ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་འཕེལ་རྒྱས་གཏོང་གིན་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་བཏོན་པ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། མི་འབོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐད་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པས། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ངེས་པར་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་ཞུགས་དང་ལས་གཏོད་རྒྱ་ཆེ་རུ་གཏོང་བ། སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་འཚོའི་མཐའ་ཚད་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ནང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཡོང་འབབ་བགོ་བཤའི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་དགོས་ཞེས་བཏོན་ཡོད། “མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཡོང་བར་བྱེད་པ་ནི་དུས་ཡུན་རིང་པོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་ལས་དོན་གལ་ཆེན་ཞིག་རེད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧྥང་ཞའོ་ལིན་གྱིས་བཤད་པ་དང་། ཁོང་གིས། མིག་སྔར་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བ་དེ་རེད། དཔེར་ན། ཁྲོམ་རའི་མ་ལག་སྔར་བཞིན་འཐུས་ཚང་མེད་པ་དང་། གསར་གཏོད་ཀྱི་ནུས་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཆེ་ཙམ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་དང་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ལམ་ལུགས་སྔར་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་པ་སོགས་གནད་དོན་དེ་དག་ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐད་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཡོང་འབབ་བགོ་བཤའི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་ནི་རྒྱུ་ནོར་བགོ་བཤའི་དྲང་གཞག་རང་བཞིན་ཆེ་རུ་བཏང་ནས་རྒྱུ་ནོར་བགོ་བཤའི་ཧེ་བག་ཆུང་དུ་བཏང་སྟེ་ངལ་རྩོལ་གྱི་ནུས་པ་དང་མ་རྩ་ཡོངས་ལ་དྲང་གཞག་འགྲན་རྩོད་ཀྱི་གོ་སྐབས་ཐོབ་པར་བྱེད་དགོས་པའི་ནན་བཤད་བྱེད་པ་དེ་རེད་ཅེས་བརྗོད་ཡོད།
《གཏན་འབེབས》ནང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་ཆེད། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གླིང་མཐིལ་ཤང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བ་དེ་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད། ཉེ་ཆར་གླིང་མཐིལ་ཤང་གིས་སྤྱི་ཚོགས་ལས་དོན་གཞུང་ལས་ཁང་གི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ལྷ་རི་རྫོང་གི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་རོགས་བྱས་ཤིང་། སྒོ་རྩར་དམངས་ཕན་ཞབས་འདེགས་ཞུས་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས“ངས་དམངས་ལ་བྱ་བ་དངོས་སྒྲུབ་པའི”དམིགས་ཡུལ་ལག་ལེན་བསྟར་བ་རེད།