ཀྲུང་གོའི་གཞོན་ནུ་གྲོང་གསེབ་ཀྱི “ཞིང་པ་མི་གསར”ལ་གྱུར་པ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ལི་ཕུའུ་གྲོང་རྡལ་དུ་འདི་ལོའི་དཔྱིད་དུས་སུ་དེང་རབས“ཞིང་པ་མི་གསར”གྱི་སྨྱན་སྦྱོར་གསར་པའི་དྲ་རྒྱའི་ཐད་གཏོང་ཟོག་ཚོང་གི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་གཉེར་བས། མེ་ཏོག་དང་སྡོང་ཕྲུག་ཚོང་གཉེར་དང་འདེབས་འཛུགས་བྱེད་མཁན་གཞོན་ནུ་མང་པོ་སློབ་སྦྱོང་ནང་ཞུགས་པའི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་2024ལོའི་ཟླ་5ཚེས་28ཉིན། ལི་ཕུའུ་གྲོང་རྡལ་སྡོང་ཕྲུག་གྲོང་གི་སྡོང་ཕྲུག་ར་བའི་ནང“ཞིང་པ་མི་གསར”གྱིས་ཐད་གཏོང་བརྒྱུད་མེ་ཏོག་འཚོང་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུས་ཡུས་ཀྱིས་པར་བླངས)
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་ལས་གཞོན་ནུ་དེ་བས་མང་བས་གྲོང་གསེབ་ཏུ་འཕེལ་རྒྱས་གཏོང་བར་འགྲོ་རྒྱུའི་གདམ་ག་བྱེད་ཀྱི་ཡོད།
ཀྲུང་གོ་མཐོ་རིམ་སློབ་གསོའི་བློ་འདྲི་ཀུང་སི་མའེ་ཁོ་སིའི་གྲངས་གཞིར་གཞིགས་ན། 2022ལོར་ལོ་འདིའི་སློབ་ཆེན་སློབ་ཐོན་སློབ་མ་བཞི་ཆ་གཅིག་གིས་གྲོང་ཁྱེར་ཆུང་ངུ་དང་། གྲོང་རྡལ། གྲོང་གསེབ་བཅས་སུ་ལས་ཞུགས་བྱ་རྒྱུའི་གདམ་ག་བྱས་ཡོད། འོན་ཀྱང་བསྡུར་ཚད་དེ་2018ལོའི་ལྔ་ཆ་གཅིག་ཡིན་པ་རེད། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་སུ་ཞུགས་པའི་ལོ་འདིའི་སློབ་ཆེན་སློབ་ཐོན་སློབ་མས་བཟུང་བའི་བསྡུར་ཚད་ཀྱང་1.2%ནས་1.9%བར་འཕར་ཡོད་ལ། 2022ལོར་ལོ་འདིའི་སློབ་ཆེན་སློབ་ཐོན་སློབ་མ་ཁྲི་20ལྷག་ཙམ་འབྲེལ་ཡོད་ལས་རིགས་སུ་ཞུགས་ཡོད།
ད་ཆ་ཀྲུང་གོའི་ན་གཞོན“གླ་པ”དེ་བས་མང་བ་ཀྲུང་གོའི་གྲོང་གསེབ་ཀྱི་ཞིང་སྡེའི་མཛེས་ལྗོངས་ལ་ཡིད་དབང་འཕྲོག་ནས། གྲོང་གསེབ་ཏུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་ནང་ཞུགས་ཡོད། འདྲ་པར་དང་བརྙན་ལམ་མཉམ་སྤྱོད་བྱེད་སའི་ཀྲུང་གོའི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཀྱི་དེབ་ཆུང་དམར་པོར“ཞིང་པ་མི་གསར་གྱི་འཆར་གཞིའི”གླེང་གཞིའི་ཤོག་བྱང་ལ་ལྟ་ཚད་ཐེངས་དུང་ཕྱུར་3ལྷག་ཙམ་ཟིན་པ་དང“ཞིང་པ་མི་གསར”གྱི་གླེང་གཞིའི་ཤོག་བྱང་ལ་ལྟ་ཚད་ཐེངས་ཁྲི་9500ལྷག་ཙམ་ཟིན་ཡོད།
—— ཨ་རིའི《ལུའོ་ཧྲན་ཅིའི་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ།